༄༅།།བོད་ལྗོངས་ཀྱིས《ཇུས་གཞི》བཀྲམ་ནས་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་པོ་དང་ཕན་འབྲས་ཆེན་པོར་སྐུལ་འདེད་བཏང་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་08ཉིན། 09:44】 (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་དང་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་མཉམ་འབྲེལ་ཐོག《གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་པོ་དང་ཕན་འབྲས་ཆེ་རུ་གཏོང་བའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་སྤྱོད་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《ཇུས་གཞིའི》ནང་བཏོན་དོན། 2025ལོར་སླེབས་སྐབས་བོད་ཀྱི་ཞིང་ལས་གནམ་གཤིས་ལས་སྒོའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་མཁོ་སྤྲོད་ནུས་པ་དང་ཞིབ་ཕྲ་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཐད་གཏོང་རྣམ་པའི་གནམ་གཤིས་ཞབས་ཞུ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་ཀྱི་གནམ་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གནམ་གཤིས་དང་ཞིང་ལས་གྲོང་གསེབ་སྡེ་ཚན་གྱི་མཉམ་ལས་ལམ་སྲོལ་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཞིང་འབྲོག་ལས་ཀྱི་ཕན་གཉེར་གནོད་གཡོལ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་རིང་གནམ་གཤིས་ཀྱི་ཞབས་འདེགས་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བཅས་བྱེད་དགོས། 2035ལོར་སླེབས་སྐབས་བོད་ཀྱི་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་རིག་ནུས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་དང་། ཞིང་འབྲེལ་སྡེ་ཚན་གྱི་མཉམ་ལས་མཉམ་འདྲེས་གཏིང་ཟབ་ཡོང་བ། ཞིང་འབྲེལ་ཆ་འཕྲིན་རྦད་དེ་མཉམ་སྤྱོད་ཐུབ་པ། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པར་ཕྱོགས་པའི་ཐད་གཏོང་རྣམ་པའི་གནམ་གཤིས་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་པ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་དང་པོ་དེ་བས་བརྟན་དུ་གཏོང་བ། གནམ་གཤིས་ཞབས་ཞུའི་འབྲུ་རིགས་བདེ་འཇགས་དང་། བཟའ་བཅའི་བདེ་འཇགས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་སོགས་ཐད་ཀྱི་ལྟེ་བའི་ལག་རྩལ་ཚད་བརྒལ་གསར་པ་ཡོང་བར་བཅས་བྱེད་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། 《ཇུས་གཞིའི》ནང་ཞིང་ལས་ཐོན་སྐྱེད་ཀྱི་གནམ་གཤིས་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་གནམ་གཤིས་ཞབས་ཞུར་ཤུགས་སྣོན་རྒྱག་པ། རིག་ལྡན་ལས་སྟེགས་བསྐྲུན་པར་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་ཚན་ཞིབ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་བཞི་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་སྦྲེལ་ཐག་ཧྲིལ་པོའི་གནམ་གཤིས་འགན་ལེན་གྱི་ཞབས་འདེགས་ཡག་པོ་ཞུ་བ་དང་། ཞིང་ལས་ཀྱི་གནམ་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡ་གཏོང་ཚད་མཐོ་རུ་གཏོང་བ། ཁྱད་ལྡན་ཐོན་ལས་ཀྱི་གནམ་གཤིས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། འབྲོག་ལས་ཀྱི་གནམ་གཤིས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཞིབ་ཕྲའི་བྱེད་ཐབས་བཏོན་ཡོད་པ་རེད།
