འཚོལ་བཤེར།   
藏文频道
2023ལོའི་ཟླ་6ཚེས་6ཉིན།

༄༅།།ཏིང་ཤུའེ་ཞང་གིས་2023ལོའི་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་གནང་སྐབས་ནན་བཤད་གནང་དོན། འགན་འཁྲི་ནན་པོ་
འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་མཐོ་རྒྱུགས་སྒྲིག་འཛུགས་ལས་དོན་ལེགས་པར་བསྒྲུབས་ཏེ་མཐོ་རྒྱུགས་བདེ་འཇགས་དང་། 
བརྟན་པོ། བདེ་བླག་བཅས་ཡོང་བའི་འགན་ལེན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་06ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་པེ་ཅིང་གྲོང་ཁྱེར་དང་སློབ་གསོ་པུའི་སློབ་གསོ་ཡིག་རྒྱུགས་ཁང་དུ་ཕེབས་ནས་2023ལོའི་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་གནང་ཞིང་། ཁོང་གིས། མཐོ་རྒྱུགས་ནི་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་འདེམས་རྒྱུ་དང་འབྲེལ་བ་ཡོད་ལ། ཁྱིམ་ཚང་ཁྲི་སྟོང་མང་པོ་དང་རྒྱ་ཆེའི་སློབ་མ་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། འགན་འཁྲི་ནན་པོ་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་མཐོ་རྒྱུགས་སྒྲིག་འཛུགས་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་མཐོ་རྒྱུགས་བདེ་འཇགས་དང་། བརྟན་པོ། བདེ་བླག་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཏིང་ཤུའེ་ཞང་དང་ཐོག་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་རྒྱུགས་གནས་སུ་ཕེབས་ནས་ཡིག་རྒྱུགས་ལས་དོན་སྒྲིག་འཛུགས་ཀྱི་ལྷུ་ཚིགས་ཁག་གི་ལས་ཀའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་དབྱེ་འབྱེད་དང་རིག་ནུས་བདེ་འཇགས་ཞིབ་བཤེར་འཛུལ་སྒོ་སོགས་ཀྱི་ཞིབ་བཤེར་མ་ལག་འཁོར་སྐྱོད་ནུས་ལྡན་ཐུབ་པ་དང་། རྒྱུགས་རའི་བཀོད་སྒྲིག་དང་། ཞབས་ཞུ་འགན་ལེན། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ལས་དོན་ནན་ལ་ཚད་དང་ལྡན་པ་གཟིགས་སྐབས་ཏིང་ཤུའེ་ཞང་གིས་དུས་མཚམས་གོང་མའི་མཐོ་རྒྱུགས་སྒྲིག་འཛུགས་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་མཐོ་རྒྱུགས་ཀྱི་འཐབ་ཕྱོགས་དང་པོར་དཀའ་སྤྱད་ལས་ཀ་བྱེད་བཞིན་པའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། འདི་ལོ་ནི་ཏོག་གསར་རིམས་ནད་ལ“རིགས་ཁ་པར་དོ་དམ་བྱེད་ཐབས་ཁ་པ”ལག་བསྟར་བྱས་རྗེས་མཐོ་རྒྱུགས་གཏོང་ཐེངས་དང་པོ་དེ་ཡིན་པས་རྒྱལ་ཡོངས་སུ་རྒྱུགས་སྤྲོད་སློབ་མ་མིང་ཐོ་འགོད་པའི་མི་གྲངས་ཁྲི་1291ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད། སྐབས་འདིའི་རྒྱུགས་སྤྲོད་སློབ་མས་ལོ་གསུམ་གྱི་རིམས་ནད་བརྒྱུད་མྱོང་བས་མཐོ་རྒྱུགས་སྒྲིག་འཛུགས་ལས་དོན་དེ་བས་གཏིང་ཟབ་ལ་ཞིབ་ཚགས་ངང་ལེགས་པར་སྒྲུབ་དགོས། མཐོ་རྒྱུགས་གཏོང་གྲབས་ཡོད་པས། ཡིག་རྒྱུགས་ལས་དོན་གྱི་བླང་བྱ་ཁག་སྔར་བས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱས་ནས་ཡིག་རྒྱུགས་རིང་གི་རིམས་འགོག་ལས་དོན་ལེགས་པར་སྒྲུབ་པ་དང་། ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པའི་ལས་ཀའི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུགས་སྤྲོད་སློབ་མར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དབང་སྐྱོན་རྒྱུགས་སྤྲོད་སློབ་མ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལུགས་མཐུན་གྱི་སྟབས་བདེ་སྐྲུན་པ། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་བློ་བདེ་པོ་ཡོང་བ་བཅས་བྱས་ཏེ་སློབ་མ་རྣམས་ཡིག་རྒྱུགས་ཡག་པོ་གཏོང་ཐུབ་པ་དང་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།
     དེ་རྗེས་ཏིང་ཤུའེ་ཞང་སློབ་གསོ་པུའི་སློབ་གསོ་ཡིག་རྒྱུགས་ཁང་དུ་ཕེབས་ནས་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་། རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ལས་དོན་བཀོད་འདོམས་ལས་སྟེགས་མ་ལག་བཀོལ་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཆབས་ཅིག་འབྲེལ་ཡོད་ཞིང་ཆེན་གྱི་རྒྱུགས་གནས་འཛུལ་སྒོ་དང་རྒྱུགས་རར་སྐོར་གཟིགས་གནང་ཞིང་། ཁོང་གིས། མཐོ་རྒྱུགས་ནི་སློབ་གསོ་དྲང་གཞག་དང་སྤྱི་ཚོགས་དྲང་གཞག་མངོན་འགྱུར་ཡོང་བའི་ལམ་ལུགས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་བྱ་ཐབས་ནན་ཤོས་སྤྱད་དེ་སྐྱོན་ཆ་སྣ་ཚོགས་བཀག་ནས་དྲང་གཞག་དྲང་བདེན་ལ་གནོད་པའི་གནས་ཚུལ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རྒྱུགས་ཤོག་པར་འདེབས་དང་། དབོར་འདྲེན། ཉར་ཚགས་སོགས་ལྷུ་ཚིགས་ཀྱི་བདེ་འཇགས་གསང་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱུགས་གཏོང་སྐབས་ཡིག་རྒྱུགས་ནང་དོན་ཕྱིར་གྱར་བའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་ནན་ཏན་བྱས་ཏེ་གནས་ཚུལ་གཅིག་ཀྱང་མི་ཐོན་པར་བྱེད་དགོས། མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱོད་ཤུགས་ཆེ་རུ་བཏང་ནས་ཡིག་རྒྱུགས་རྐུ་བཤུའི་བྱེད་སྤྱོད་ནན་ལ་མགྱོགས་མྱུར་ངང་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།
     ད་དུང་ཏིང་ཤུའེ་ཞང་གིས་ཧྲན་ཏུང་ཞིང་ཆེན་ཆུས་ཕུའུ་གྲོང་ཁྱེར་དང་ཡུན་ནན་ཞིང་ཆེན་པའོ་ཧྲན་གྲོང་ཁྱེར་ལུང་དབྱང་ཆུས་དང་བརྙན་ལམ་ཐོག་ནས་འབྲེལ་མཐུད་བྱས་ཏེ། ས་གནས་ཀྱི་མཐོ་རྒྱུགས་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ཞིང་། ཁོང་གིས། མཐོ་རྒྱུགས་སྒྲིག་འཛུགས་ལས་དོན་ནི་མི་དམངས་མང་ཚོགས་ལ་སྤྱི་པའི་ཞབས་འདེགས་གལ་ཆེན་ཞུས་པ་ཞིག་དང་། སྲིད་གཞུང་གི་བཅོས་སྐྱོང་ནུས་པར་ཡིག་རྒྱུགས་ཆེན་པོ་བཏང་བ་ཞིག་ཡིན་པས་མཐོ་རྒྱུགས་བདེ་འཇགས་དང་། བརྟན་པོ། བདེ་བླག་བཅས་ཡོང་བའི་འགན་ལེན་བྱེད་པ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། “དུས་བདེའི་མཐོ་རྒྱུགས”ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་བཅས་བྱས་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     (པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)