༄༅།།དྲན་གསོའི་རྟཊ་མ་འདི་ཐེངས་དང་པོར་སྤྲད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 04ཚེས་04ཉིན། 14:25】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིའི་མཐའ་སྲུང་དྲན་གསོའི་རྟགས་མ་ཡིན་ཞིང་། གཡོན་ནས་གཡས་བར་ནི་གསེར་དངུལ་ཟངས་གསུམ་གྱི་དྲན་གསོའི་རྟགས་མ་ཡིན་པ་དང་། མཐའ་མཚམས་བསྲུངས་ནས་ལོ་30དང་། ལོ་20 ལོ་10བཅས་སོ་སོར་སོང་བ་མཚོན་གྱི་ཡོད།
ཟླ་4ཚེས་2ཉིན། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་དང་ཁོངས་གཏོགས་ཀྱི་སྤྱི་ཁྱབ་ས་ཚིགས་རིམ་པའི་ཚན་པ་ཁག་གིས་རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་མཐའ་མཚམས་སྲུང་བའི་དྲན་གསོའི་རྟགས་མ་ཐེངས་དང་པོར་སྤྲོད་པའི་མཛད་སྒོ་འཚོགས་ནས། མི་8487ལ་རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་མཐའ་མཚམས་སྲུང་བའི་དྲན་གསོའི་རྟགས་མ་ཐེངས་དང་པོར་སྤྲད་པ་རེད།
རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་ཚོས་ལོ་འཁོར་མོར་གངས་ལྗོངས་ས་མཐོ་དང་གྲམ་ཐང་ཐང་རྒོད་ཀྱི་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ཏུ་བཅའ་སྡོད་བྱས་ནས། བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་། འགན་འཁྲི་འཁུར་སེམས་ཆེན་པོ། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བཅས་ལ་བརྟེན་ནས་མཐའ་མཚམས་སུ་གཞི་ཚུགས་པ་དང་། མཐའ་མཚམས་ནས་བྱས་རྗེས་བཞག་སྟེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་རྒྱལ་མཚམས་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད། བློས་གཏོང་ཆེན་པོ་དང་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད། གནས་སྤོས་ཡུལ་མིའི་དོ་དམ་དཔུང་ཁག་གི་གཟི་བརྗིད་ཚོར་སེམས་དང་། ཁོངས་སུ་གཏོགས་སེམས། འགན་འཁྲི་འཁུར་སེམས་སྔར་ལས་ཆེ་རུ་གཏོང་ཆེད།《རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་སྲོལ་ཡིག》སོགས་གཏན་འབེབས་གཞིར་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་མཐའ་སྲུང་དྲན་གསོའི་རྟགས་མ་བཙུགས་པ་རེད།
རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་མཐའ་མཚམས་སྲུང་བའི་དྲན་གསོའི་རྟགས་མ་ནི་གཙོ་བོ་སྐར་ལྔ་དང་། ལྕགས་རི་རིང་པོའི་འགག་སྒོ། ཕུབ། ཤིང་སྐྱུ་རུ་རུའི་ཡལ་འདབ། གངས་ལྷ་མེ་ཏོག་སོགས་ལས་གྲུབ་ཅིང་། གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་དང་སྤེལ་རེས་འགན་ལེན་བྱེད་པ་བཅས་ཀྱི་འགན་འཁྲི་འཁུར་ཡོད་པ་མཚོན་ཡོད། གངས་ལྷ་མེ་ཏོག་གིས་བརྟན་སྲུང་དང་། ཞུམ་མེད། དྭངས་གཙང་བཅས་མཚོན་པ་དང་མཐའ་སྲུང་མི་དམངས་ཉེན་རྟོག་པའི་བློ་དཀར་སེམས་དཀར་དང་བླ་ན་མེད་པའི་གཤིས་རྒྱུད་དང་། ཞུམ་མེད་ཀྱི་སྙིང་སྟོབས། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། འཐབ་རྩོད་ཀྱི་སྙིང་སྟོབས། གཞུང་དྲང་གི་འགན་འཁྲི་འཁུར་བ་བཅས་མཚོན་ཡོད། རྟགས་མ་ཆུང་བ་ནི་དར་འཕྱངས་དང་། རི་རྩེ། བདེ་ལེགས་སོགས་ཀྱི་གཞི་རྒྱུ་ལས་གྲུབ་ཅིང་། གསེར་དངུལ་ཟངས་གསུམ་གྱི་ཚོན་མདོག་གིས་མཐའ་མཚམས་བསྲུངས་ནས་ལོ་30དང་། ལོ་20 ལོ་10བཅས་སོང་བ་མཚོན་གྱི་ཡོད་པ་རེད།
《རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིའི་མཐའ་མཚམས་སྲུང་བའི་དྲན་གསོའི་རྟགས་མ་སྤྲོད་པའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་དང་མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་གི་རིགས་གསུམ་ཡན་གྱི་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ལས་ཀ་བྱས་པ(དེ་སྔ་རིགས་གསུམ་ཡན་གྱི་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ལས་ཀ་བྱེད་མྱོང་བའི་མཐའ་སྲུང་མི་དམངས་ཉེན་རྟོག་པ་ཚུད་པ།)རིམ་རྩིས་བྱས་ན་ལོ་30དང་། ལོ་20 ལོ་10བཅས་སོང་བའི་ཟིན་པའི་སྒྲིག་ཁོངས་སུ་ཡོད་པའི་ལས་ཐོག་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པར་སོ་སོར་གསེར་དངུལ་ཟངས་གསུམ་གྱི་དྲན་གསོའི་རྟགས་མ་སྤྲོད་ཅིང་། 2023ལོར་ཐེངས་དང་པོར་སྤྲད་པ་དང་། ཕྱིས་སུ་ལོ་རེར་ཐེངས་རེ་སྤྲད་རྒྱུ།
