འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་17ཉིན།

༄༅།།《སྲོལ་ཡིག》ལག་བསྟར་བྱས་ནས་ས་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་17ཉིན། 14:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

བསྐྱར་བཅོས་བྱས་ནས་འགྲེམས་བསྒྲགས་བྱས་མ་ཐག་པའི《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ནང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཡོད་པས། ས་གནས་ཏང་ཨུད་ཀྱི་ལས་དོན་ལ་སྒྲིག་ལམ་བཟོ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ས་གནས་རིམ་ཁག་ཏང་ཨུད་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ལག་བསྟར་ནུས་ལྡན། དོ་དམ་ནན་པོ། ཚན་ཁག་མཐུན་སྒྲིལ། དར་སྲོལ་གཙང་མ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་ཤིག་འཛུགས་སྐྱོང་བྱེད་དགོས།

ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། 《སྲོལ་ཡིག》ནང“ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས”ཞེས་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད། ས་གནས་ཏང་ཨུད་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ས་ཁུལ་དེ་གའི་ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་སྐབས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། ཏང་ཀྲུང་དབྱང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ། ཏང་ཀྲུང་དབྱང་གི་བླང་བྱ་དང་ཡང་ཡང་བསྡུར་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་གང་གསུངས་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས། “གྲོས་དོན་དང་པོའི”ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།

དོན་དངོས་དང་ཟུང་འབྲེལ་གྱིས་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རང་ས་ཁུལ་དུ་དོན་འཁྱོལ་གནད་སྨིན་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པ་དང་སྲིད་ཇུས་ཀྱི་ཐོག་མའི་བསམ་འདུན་དང་མཐུན་པའི་འགན་ལེན་བྱེད་དགོས། སྤྱི་ཡོངས་ཀྱི་ལྟ་བ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ་ལས། ཁ་སྟོང་པ་ཤོད་པ་ཙམ་ལས་དོན་ཐོག་ཏུ་མ་འཁྱོལ་བའི་རིགས་བྱེད་མི་རུང་ལ། “བར་འགག་ཐེབས་པའི”རིགས་དེ་བས་ཀྱང་བྱེད་མི་རུང་།

ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས། 《སྲོལ་ཡིག》ནང་ས་གནས་ཏང་ཨུད་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་ལ་འགོག་ཟོན་དང་ཡོ་བཅོས་བྱེད་པར་དམིགས་ནས་ལམ་ལུགས་དང་སྒྲིག་ལམ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། ས་གནས་ཏང་ཨུད་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ཁ་ཕྱོགས་དང་ཡུན་རིང་གི་ལས་འགན་ལ་བརྩིས་ནས་སྲིད་དོན་ལས་རྗེས་ལྟ་བའི་སློབ་གསོར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་ཀྱི་གནད་དོན་རྟག་ཏུ་བཤེར་བཅོས་བྱེད་པ། སྲིད་དོན་ལས་རྗེས་ལྟ་བ་དང་བྱ་སྤྱོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བསམ་བློའི་ཐད་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་བྱ་སྤྱོད་ཐད་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་ལེན་བསྟར་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ་བཅས་ཐུབ་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རང་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཇུས་འགོད་བྱེད་པ། མངོན་འབྲས་དང་སྦས་འབྲས་དང་། ཆ་ཤས་དང་སྤྱི་ཡོངས། འཕེལ་རྒྱས་དང་བདེ་འཇགས། དཔལ་འབྱོར་དང་དམངས་འཚོ། མིག་སྔ་དང་སླད་ཕྱིན་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱེད་དགོས། སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་ལ་འགོག་ཟོན་དང་ཡོ་བཅོས་ནུས་ལྡན་བྱེད་པའི་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བ། མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པ། མི་བདེན་རྫུན་སྒྲིག་བྱེད་པ། རྨོངས་ཚོད་ཡ་ཡུག་བྱེད་པ། མང་ཚོགས་ཀྱི་འདོད་བློ་དང་འགལ་ནས་དོན་དངོས་དང་མི་མཐུན་པའི་ཇུས་ཐག་གཅོད་པ། “རྟགས་མཚོན་ལས་གྲྭ”དང“སྲིད་དོན་ལས་རྗེས་ལས་གྲྭ”གཉེར་བ། སྲིད་ཇུས་དང་འཆར་འགོད་ཐད་ལས་རྙོག་མང་པོ་བཟོ་བ། སྒྲིག་འགལ་ངང་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གསར་སྣོན་བྱེད་པ། འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་ལས་བདེ་འཇགས་སྣང་མེད་དུ་གཏོང་བ་སོགས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། སེམས་ནུས་ཡོད་རྒུས་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་ལས་རྗེས་དངོས་གཏོད་དགོས།

དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།《སྲོལ་ཡིག》ནང་རྩ་འཛུགས་ཀྱི་རྩ་དོན་དང་། དོན་གྲོས་ཇུས་འགོད། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་སོགས་ཐད་ནས་ས་གནས་ཏང་ཨུད་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པའི་འབྲེལ་ཡོད་བླང་བྱ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། ས་གནས་ཏང་ཨུད་ཀྱིས་མཉམ་སྡེབ་འགོ་ཁྲིད་དང་མི་སྒེར་གྱི་ལས་བགོས་འགན་འཁུར་ཟུང་འབྲེལ་གྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། འགོ་ཁྲིད་ཚན་ཁག་གིས་ཇུས་འགོད་དོན་གྲོས་བྱེད་པའི་ལམ་སྲོལ་ལག་བསྟར་ནན་པོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། སྒྲིག་སྲོལ་དང་བཅའ་ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་མཐའ་འཁྱོངས་ཀྱིས་གནད་དོན་གལ་ཆེན་ཡིན་ཕྱིན། ངེས་པར་དུ་མཉམ་སྡེབ་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རེ་འགའ་ནང་མོལ། ཚོགས་འདུར་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལྟར་མཉམ་སྡེབ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་དགོས། ཏང་ཨུད་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། བསམ་འཆར་ཡང་དག་པ་གཅིག་སྡུད་བྱེད་མཁས་པོ་བྱེད་པ། རང་འགུལ་ངང་ལྟ་སྐུལ་དང་ལེན་བཅས་བྱས་ཏེ“བརྒྱ་ཁ་གཅིག་གཅོད”དང“ཁྱིམ་བདག་ལམ་ལུགས”ལག་བསྟར་མི་བྱེད་པ་དང་། མཉམ་སྡེབ་ཞིབ་འཇུག་བྱེད་དགོས་རིགས་ལ་རང་དགར་རྣམ་འགྱུར་སྟོན་མི་རུང་བ། མི་སྒེར་གྱི་བསམ་འཆར་གྱིས་ཚན་ཁག་གི་མཉམ་སྡེབ་ཐག་གཅོད་ཀྱི་ཚབ་བྱེད་མི་རུང་བ། མཉམ་སྡེབ་ཀྱིས་ཐག་གཅོད་བྱས་རིགས་རང་མཚམས་ཀྱིས་འགྱུར་བ་གཏོང་མི་རུང་བ། རིམ་པ་ཁག་ལ་མི་སྒེར་གྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས་པའི་རེ་བ་འདོན་མི་རུང་།

ཚན་ཁག་གི་ཁོངས་མི་གཞན་དག་གིས་དམངས་གཙོ་གཅིག་སྡུད་ལམ་ལུགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་འཁུར་དགོས། ཏང་ཀྲུང་དབྱང་གི་དགོངས་དོན་དང་མཉམ་སྡེབ་ཀྱི་ཐབས་ཇུས་གཞིར་བཟུང་འགན་འཁྲིའི་ཁྱབ་ཁོངས་ནང་རང་འགན་གཙང་སྒྲུབ་བྱས་ནས་ལས་དོན་ལ་ཞིབ་འཇུག་བྱེད་སྐབས་བསམ་འཆར་གང་ལེགས་འདོན་པ་དང་ཐབས་ཇུས་གྲུབ་རྗེས་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། ཏང་ཨུད་ཀྱི་དོན་གྲོས་སྒྲིག་སྲོལ་དང་ཇུས་ཐག་གཅོད་རིམ་འཐུས་སྒོ་ཚང་དུ་གཏོང་དགོས།“གནད་ཆེན་གསུམ་དང་ཕོན་ཆེན་གཅིག”གི་ཇུས་ཐག་གཅོད་པར་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བཀག་རྒྱའི་གསལ་ཐོ་ཞིབ་ཕྲ་བཟོ་བ། ལྟ་སྐུལ་བྱ་གཞི་གཙོ་བོ་དང་། ཞིབ་ཕྲའི་བྱེད་ཐབས། འགན་འཁྲི་བདའ་འདེད་སོགས་ཀྱི་ནང་དོན་ཁ་གསལ་བཟོ་བ་བཅས་བྱས་ཏེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་ནན་པོ་བསྟར་ཐུབ་པའི་འགན་ལེན་བྱེད་དགོས།

འགོ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་གང་ཐུབ་བྱེད་དགོས། ས་གནས་ཏང་ཨུད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གལ་ཆེན་འཁུར་དགོས། 《སྲོལ་ཡིག》གི་བླང་བྱ་ལྟར་ས་གནས་ཏང་ཨུད་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཀྱི་འཇོན་ཐང་དང་ལས་སྒྲུབ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་སྣོན་བརྒྱབ་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གནད་དོན་དངོས་ལ་དབྱེ་ཞིབ་དང་ཐག་གཅོད་བྱས་ཏེ་དེ་དག་ལས་དོན་ཇུས་འགོད་བྱེད་པའི་བསམ་ཕྱོགས་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས། ཁྱོན་ཡོངས་སྟངས་འཛིན་བྱེད་པའི་ནུས་པ་བཅས་སུ་འགྱུར་བར་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་དམིགས་ཚད་ལས་འགན་དང་འཚམ་པའི་སྒོ་ནས་ལས་སྒོ་སློབ་སྦྱོང་ལ་ཤུགས་སྣོན་དང་། ཤེས་བྱ་གསར་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ“ཆ་རྒྱུས་ཡོད་མཁན”འགོ་ཁྲིད་ཅིག་བྱེད་དགོས། ལག་ལེན་ཁྲོད་སྦྱོང་བརྡར་དང་འཐབ་རྩོད་ཁྲོད་ཞུན་བརྡར་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་ནུས། སྒྱུར་བཅོས་འགག་སྒྲོལ་བྱེད་ནུས། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ནུས། མང་ཚོགས་ཀྱི་ལས་དོན་སྒྲུབ་ནུས། དོན་འཁྱོལ་ལ་དམ་འཛིན་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག ཉམས་སད་ཐེག་པའི་འཇོན་ཐང་ལ་བརྟེན་ནས་འགོ་ཁྲིད་ཀྱི་འགན་འཁྲི་ཁུར་ཏེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱང་ལམ་གསར་པའི་ཐོག་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་བྱེད་དགོས།

ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། 《སྲོལ་ཡིག》ནང་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་ས་གནས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་འཁུར་རྒྱུའི་ཐད་གཏན་འབེབས་སྔར་བས་ཁ་གསལ་བཟོས་ཡོད། ས་གནས་ཏང་ཨུད་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་འདུ་ཤེས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག་ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ། དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་འགྱུར་ནན་པོ་བཅས་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་མངོན་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ལས་དོན་དེ་བཀོད་སྒྲིག་བླང་བྱ་འདོན་པ་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་བར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི“སྣ་ཐག”དམ་པོར་བཟུང་ནས་འགན་འཁྲིའི་འཁོར་འབྲེལ་ལ་དམ་པོར་དམིགས་པ་དང་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ་འགན་འཁྲིའི་བྱེད་པོ་དང་། འགན་འཁྲིའི་བླང་བྱ། དཔྱད་ཞིབ་འགན་འདེད་བཅས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལས་དོན་དངོས་འབྲེལ་ནན་པོ་དང་། དམ་པོ། ཏན་ཏིག་བཅས་ཡོང་བའི་འགན་ལེན་བྱེད་དགོས། འཕེལ་རྒྱས་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་གཅིག་གྱུར་བྱས་ཐོག་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བརྒྱུད་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་སྐྱོང་སྤེལ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་འགན་ལེན་བྱེད་དགོས།