གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་17ཉིན། 14:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བསྐྱར་བཅོས་བྱས་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དེར་བརྩི་སྲུང་ཞུས་ནས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་བསྟན་དོན། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེས་ས་གནས་ཏང་ཨུད་ཀྱི་ལས་དོན་ལ་བླང་བྱ་དེ་བས་མཐོ་བ་བཏོན་པར་དམིགས་ཏེ། ས་གནས་ཏང་ཨུད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ས་གནས་ཏང་ཨུད་ཀྱི་ལས་ཀའི་འགན་འཁྲི་དང་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དེས་ས་གནས་ཏང་ཨུད་ཀྱིས་ས་ཁུལ་དེ་གར་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པར་སྐུལ་འདེད་གཏོང་བ་དང་། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། ཐབས་ཇུས་འགོད་པ། དོན་འཁྱོལ་འགན་ལེན་བཅས་ཀྱི་འགན་འཁྲི་སྔར་བས་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།
བརྡ་ཐོའི་ནང་། ས་གནས་རིམ་ཁག་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། 《སྲོལ་ཡིག》སློབ་སྦྱོང་ནན་ཏན་དང་། 《སྲོལ་ཡིག》ལག་བསྟར་མཐའ་གཅིག་ཏུ་བྱེད་པ། 《སྲོལ་ཡིག》ལག་བསྟར་ནན་པོ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཡོངས་ཀྱི་ལྟ་བ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་གང་གསུངས་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་བ་དང་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཉེན་ཁ་ཆེ་རིགས་མཐའ་གཅིག་ཏུ་འགོག་ཟོན་དང་སེལ་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་ལེན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ། དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཆེད་སྲིད་དོན་ལས་རྗེས་ཧུར་ཐག་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། དོན་གྲོས་ཐབས་ཇུས་དང་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་བ། འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ལག་བསྟར་ནུས་ལྡན། དོ་དམ་ནན་པོ། ཚན་ཁག་མཐུན་སྒྲིལ། དར་སྲོལ་གཙང་མ་བཅས་ཀྱི་རྩ་འཛུགས་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་ལེན་བསྟར་རིང་གི་གནས་ཚུལ་གལ་ཆེན་དང་གྲོས་འགོ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།