གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་17ཉིན། 13:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་རིག་གཞུང་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་པའི་བོད་ལུགས་གསོ་རིག་གི་ཚད་གཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་དང་ཚད་ལྡན་ཅན་གྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་ཆེན་ཐོག《བོད་ལུགས་གསོ་རིག་གི་ཚད་ལྡན་གྱི་མ་ལག་རེའུ་མིག(2026ལོའི་པར་གཞི)》དང་། 《གཞི་རིམ་གྱི་བོད་སྨན་དང་འཚམ་པའི་ལག་རྩལ་ལག་དེབ(2026ལོའི་པར་གཞི)》 བོད་ལུགས་གསོ་རིག་གི་ཚོགས་པའི་ཚད་གཞི་ཁག་32 བོད་ལུགས་གསོ་རིག་གི་མེ་བཙའི་འདྲ་དཔེ་བཅས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་བཞི་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པ་མ་ཟད། མཚོ་སྔོན་གྱིས་སྣེ་ཁྲིད་དེ་རྩོམ་སྒྱུར་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞིའི《བོད་ལུགས་གསོ་རིག་གི་ནད་ཡམས་རིགས་དབྱེ་དང་ཚབ་ཨང》གི་ཕྱི་རྒྱལ་ཡི་གེའི་པར་མ་ལའང་དུས་མཉམ་དུ་གསལ་འགྲེལ་དང་ཆབས་ཅིག་དྲིལ་བསྒྲགས་ལག་བསྟར་ཡང་བྱས་པ་རེད།
ཚད་ལྡན་མ་ལག་གི་འཆར་གཞི་དངོས་སུ་བཀོད་ཅིང་། རྒྱལ་ཡོངས་སུ་བརྒྱུད་རིམ་ལྡན་པའི་བོད་ལུགས་གསོ་རིག་གི་ཚད་ལྡན་མ་ལག་རེའུ་མིག《བོད་ལུགས་གསོ་རིག་གི་ཚད་ལྡན་ཅན་གྱི་མ་ལག་རེའུ་མིག(2026ལོའི་པར་གཞི)》ཁྱབ་བསྒྲགས་བྱས་པ་དེར་རྨང་གཞི་དང་། ལག་རྩལ། དོ་དམ། ཞབས་ཞུ་བཅས་རིགས་བཞི་ཚུད་པ་དག་བོད་ལུགས་གསོ་རིག་གི་ཚད་ལྡན་ལམ་ལུགས་ལ་བཟོ་བཅོས་བརྒྱབ་པའི་ད་ལྟའི་གནས་སྟངས་དང་མི་འདང་སར་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་མ་ཟད། སླད་ཕྱིན་དུས་སྐབས་ཤིག་རིང་གི་ཚད་ལྡན་ལམ་ལུགས་བཟོ་བཅོས་རྒྱག་པའི་ཁ་ཕྱོགས་དང་། གཙོ་གནད། གོ་རིམ་བཅས་ཁ་གསལ་བཟོས་ཡོད།
ད་ཐེངས་ཁྱབ་བསྒྲགས་བྱས་པའི་གྲུབ་འབྲས་དེ་མཚོ་སྔོན་གྱིས་སྣེ་ཁྲིད་ནས་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་པ་26མཉམ་དུ་ཞུགས་ཡོད་ཅིང་། དེ་ནི་མི་རིགས་ཀྱི་གསོ་བ་རིག་པ་ཚད་ལྡན་ཅན་འཛུགས་སྐྱོང་གི་བརྒྱུད་རིམ་ལྡན་པའི་ཚད་བརྒལ་ཞིག་ཡིན་ཞིང་། དེས་བོད་ལུགས་གསོ་རིག་འདི་ཉིད་ཉམས་མྱོང་རྒྱུན་འཛིན་ནས་ཚད་ལྡན་སྣེ་ཁྲིད་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་པ་མཚོན་ཡོད། ཚོགས་ཆེན་གྱིས་བརྗོད་དོན་གཙོ་བོའི་སྙན་ཞུ་དང་རིག་གཞུང་སྤེལ་རེས་སོགས་ཀྱི་བྱེད་སྒོ་དུས་མཉམ་དུ་སྤེལ་བ་དང་། པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཧོ་པེ། སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)གྱི་ཚན་པ་55ཡི་འཐུས་མི་ཚོགས་འདུར་ཞུགས་ཡོད། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས། གཅིག་གྱུར་གྱི་ཚད་གཞིར་བརྟེན་ནས་མི་རིགས་གསོ་རིག་གི་བློ་གྲོས་གཅིག་ཏུ་བསྡུས་ཏེ་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཁྱིམ་གྱི་སྒོ་འགྲམ་ནས་བདེ་འཇགས་དང་། ནུས་ལྡན། ཚད་ལྡན་བཅས་ཀྱི་བོད་ལུགས་གསོ་རིག་གི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད། མཚོ་སྔོན་གྱིས་ཀྱང་ལེགས་ཆའི་ཚད་གཞི་དེ་བས་མང་བ་ལས་རིགས་ཀྱི་ཚད་གཞི་དང་། རྒྱལ་ཁབ་ཀྱི་ཚད་གཞི། ཐ་ན་རྒྱལ་སྤྱིའི་ཚད་གཞི་བཅས་སུ་རིམ་སྤོར་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་གཏོད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།