འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་4ཉིན།

༄༅།།ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་ཐེང་སེན་ཆིན་ཙི་ཡིས་ཀྲུང་གོ་དང་ཕེ་རུའི་དབར་ཕྱི་འབྲེལ་བཙུཌ་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་04ཉིན། 10:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་ཐེང་སེན་ཆིན་ཙི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕེ་རུ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་55སོང་རིང་། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོ་བརྒྱུད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་སྟེ། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་རེ་བཞིན་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་མི་སེམས་ལ་བརྟན་པོ་ཟུག་ཡོད། ཕེ་རུ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡིན། རྒྱལ་ཁབ་གཉིས་པོའི་རང་མོས་ཚོང་དོན་ཆོད་ཡིག་རིམ་སྤོར་གྱི་གྲོས་མཐུན་ཡི་གེ་ཟླ་11ཚེས་1ཉིན་དངོས་སུ་གོ་ཆོད་པར་བརྟེན། ཀྲུང་གོ་དང་ཕེ་རུ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་རྒྱུའི་ཡིད་ཆེས་ཡོད། ངས་ཀྲུང་གོ་དང་ཕེ་རུའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཐེང་སེན་ཆིན་ཙི་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། ཀྲུང་གོ་དང་ཕེ་རུ་གཉིས་པོའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་སྐྲུན་འདོད་ཡོད།

     ཐེང་སེན་ཆིན་ཙི་ཡིས། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་མཛའ་གྲོགས་དང་། ཕན་ཚུན་བརྩི་འཇོག མཉམ་ལས་བཅས་ཀྱི་འབྲེལ་ཟམ་བརྟན་པོ་ཞིག་བཙུགས་ཡོད། ཕྱོགས་གཉིས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཁྲོད་རྒྱུན་ཆད་མེད་པར་ཟབ་ཏུ་སོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྒྲོམ་གཞིའི་འོག་རྒྱུན་ཆད་མེད་པར་གཏིང་ཟབ་དང་རྒྱ་ཆེར་ཕྱིན་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུ་རྒྱུའི་བསྐྱར་བསྒྲགས་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་གླེང་མོལ་དང་མཉམ་ལས་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།