འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་3ཉིན།

༄༅།།ལོ་28རིང་རྐང་ཐང་དུ་རང་ཡུལ་ལ་ལོག་པ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་03ཉིན། 15:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་2ཉིན། དབྱིན་ཇིའི་ཁར་པུའུ་ཧྲི་པི་ཟེར་མཁན་ལོ་57ཅན་གྱི་སྐྱེས་པ་ཞིག་དབྱིན་ཀེ་ལན་བྱང་མའི་ལོ་མང་ཁ་བྲལ་བའི་རང་ཁྱིམ་དུ་ལོག་པ་རེད། 1998ལོའི་ཟླ་11ཚེས་1ཉིན། ཁོང་མེ་གླིང་ལྷོ་མའི་ཆེས་ལྷོ་སྣེ་ཆི་ལིའི་ཕུང་ཐ་ཨ་ལེ་ན་སི་ནས་ལམ་ལ་ཆས། མཇུག་མཐའི་དམིགས་ཡུལ་ནི་དབྱིན་ཇིའི་ཡུའེ་ཁེ་རྫོང་ཤར་མའི་ཧོར་ཟེར་ས་དེ་རེད། ཁོས་རང་ཉིད་ལ་འགྲིམ་འགྲུལ་ཡོ་བྱད་སྤྱོད་མི་ཆོག་པར་རྐང་ཐང་ལ་འགྲོ་རྒྱུའི་སྒྲིག་ལམ་བཞག་པ་རེད། དེ་ལྟར་ལོ་28ཕྱིན་ཟིན་པ་རེད།

     བསམ་ཡུལ་ལས་འདས་པའི་འགྲུལ་བཞུད་འདི་འགོ་བརྩམས་སྐབས། པུའུ་ཧྲི་པི་ནི་ལོ་29ཡིན། སྐབས་དེར། ཐེངས་དང་པོར་བཟའ་ཚང་འཐོར་ཏེ་ཆུང་མས་ལོ་བརྒྱད་ཅན་གྱི་བུ་ཁྲིད་ནས་ཁོ་དང་ཁ་བྲལ་བ་རེད། ཁོས་ཨ་སྒོར་500ཁྱེར་ནས་ཆི་ལིར་འཕུར་བ་དང་། དེ་ནས་རང་ཡུལ་དུ་ལོག་པའི་ལམ་ཐག་རིང་པོ་འགྲོ་འགོ་བརྩམས་པ་རེད།

     བྱང་ཁར་ཕྱོགས་ནས་བསྐྱོད་པ་དང་། མེ་གླིང་ལྷོ་མ་དང་མེ་གླིང་བྱང་མ་བརྒྱུད་དེ་པེ་ལིང་མཚོ་འགག་ལ་འཁྱགས་རོམ་གྱིས་བཅད་པའི་སྐབས་དང་བསྟུན་ནས་ཨེ་ཤ་ཡ་བརྒལ་མཐར་ཡོ་རོབ་ཏུ་འབྱོར་ནས་རྒྱལ་ཁབ་དང་ས་ཁུལ་30ཙམ་རིམ་རྩིས་བྱས་ན་སྤྱི་ལེ་ཁྲི་5ཙམ་བསྐྱོད་ཡོད།

     ལམ་བར་དུ་ཁོང་འཁྱགས་སའི་སྔོ་དྲེག་ཐང་དང་། ཆར་ནགས་འདམ་ས། ཚ་བ་ཆེ་བའི་བྱེ་ཐང་སོགས་བརྒྱུད་མྱོང་། རྐྱལ་རྩལ་མི་ལེགས་པའི་དབང་གིས་ཁོས་སྲོག་སྐྱོབ་གྱོན་གོས་དང་ཆུ་འཛུལ་གྱོན་གོས་ལ་བརྟེན་ནས་ཆུ་ནང་དུ་གཡེང་ཞོར་རྐྱལ་ཞོར་བྱས་ཏེ། ཉིན་31སྤྱད་མཐར་ལི་ཧའེ་རྒྱ་མཚོ་བརྒལ་ཐུབ་པ་རེད།

     རང་ཡུལ་དུ་ལོག་པའི་ལམ་བར་དུ་པུའུ་ཧྲི་པི་ལ་གདུག་རྩུབ་ཅན་གྱི་འཇབ་རྒོལ་ཕོག་མྱོང་ཞིང། བྱང་སྣེ་དོམ་དང་ཁ་གཏད་དུ་ལངས་མྱོང་། ཐད་འཕུར་གནམ་གྲུ་ཡིས་འཁྱགས་པའི་ཐོག་ནས་བསྐྱབས་མྱོང་ཞིང་། ཚད་བཀག་མཐའ་མཚམས་ཁུལ་བརྒལ་བའི་རྐྱེན་གྱིས་ཕ་ན་མར་ཉིན་18བཙོན་འཇུག་བྱས་པ་དང་། ས་གནས་ཀྱི་དྲག་པོའི་གདོང་ཐུག་ལས་གཡོལ་ཆེད། ཉ་ཆེན་རྨིགས་པ་ཡོད་སའི་གཙང་པོའི་ནང་ལའང་འཛུལ་མྱོང་ཡོད།

    པུའུ་ཧྲི་པེ་ཡི་འགྲུལ་བཞུད་ནི་རྒྱུན་དུ་གོམ་པ་གཉིས་སྤོས་ནས་གོམ་པ་གང་ཕྱིར་སྣུར་བྱས་ཡོད། ཐོངས་མཆན་དང་གནམ་གཤིས་སོགས་ཀྱི་དབང་གིས་ཁོས་ལོ་10ཙམ་སྤྱད་དེ་གཞི་ནས་ཨུ་རུ་སུ་བརྒལ་ཐུབ་པ་རེད། ཁོང་གིས་འདས་ཟིན་པའི་ལོ་28ནང་། ལམ་ལ་ཆས་པའི་དུས་ཚོད་ཧ་ལམ་ལོ་15ཙམ་ལས་མེད། གེགས་བར་དང་འཕྲད་སྐབས། རྟག་པར་མོ་ཞི་ཁོར་ལོག་ནས་གོ་སྐབས་བསྒུག་པ་དང་། ཡུལ་དེ་གའི་འཚོ་བའི་མ་གནས་བལྟོས་བཅས་ཀྱིས་དམའ་ཙམ་ཡིན་ཟེར།

     ལམ་བར་དུ་པུའུ་ཧྲི་པི་ཡང་ཁོ་ལོམ་པི་ཡའི་བུ་མོག་ཞིག་དང་ལྗར་པན་གྱི་བུ་མོ་ཞིག་དང་བརྩེ་དུང་ཆགས་ནས་སྔ་རྗེས་སུ་ལོ་7དང་ལོ་3གྱི་འཚོ་བ་མཉམ་དུ་རོལ་ན་ཡང་འབྲེལ་བར་གྲུབ་འབྲས་གང་ཡང་མ་ཐོན་པར་མཇུག་འགྲིལ་བ་རེད།

     འགྲུལ་བཞུད་ཀྱི་དུས་ཡུན་རིང་བའི་རྐྱེན་གྱིས། ཁོ་ནི་རང་གི་བུ་ཕྲུག་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ཞུགས་ཐུབ་མེད། ད་ཆ་ལོ་36ལ་སླེབས་པའི་བུ་དང་། ངོ་འཕྲད་མྱོང་མེད་པའི་ལོ་12ཅན་གྱི་ཚ་མོ། ཕ་མ་དང་གཉེན་ཉེ་སྤུན་ཟླ་སོགས་ཀྱིས་འགྲུལ་བཞུད་ཀྱི་ལམ་སྣེ་རུ་ཁོང་ལ་བསྒུགས་ཡོད།