གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་03ཉིན། 15:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་གྱིས་རང་རྒྱལ་གྱི་དངུལ་བུན་སྐྱེད་ཚད་དེ་LPRགོང་ཚད་ཁོ་ན་དཔྱད་གཞིར་འཛིན་པ་ལས། སྔར་བས་སྣེ་མང་གི་གོང་ཚད་གཏན་འཁེལ་ཚད་གཞིར་སྒྱུར་དགོས་པའི་ཁྱབ་བསྒྲགས་བྱས་པ་རེད།
ཅི་ཞིག་ལ་དངུལ་བུན་གྱི་གོང་ཚད་རྩིས་གཞི་ཟེར།
ཁང་པ་ཉོ་བ་དང་ཁེ་ལས་ཀྱིས་བཟོ་གྲྭ་གཉེར་བ་ཚང་མ་དངུལ་བུན་དང་འབྲལ་ཐབས་མེད། དངུལ་ཁང་གིས་དངུལ་བུན་གྱི་སྐྱེད་ཚད་གཏན་འཁེལ་བྱེད་སྐབས་གང་འདོད་དུ་གཏན་འཁེལ་བྱེད་པ་མ་ཡིན་པར། “གཏིང་རྡོ་”ཞིག་ཡོད་པ་དེ་ནི་གོང་ཚད་རྩིས་གཞི་དེ་དངུལ་བུན་གྱི་གོང་ཚད་གཏན་འཁེལ་གྱི་དཔྱད་གཞིར་འཛིན་པ་དེ་ཡིན། སྔོན་ཆད་དངུལ་བུན་གྱི་གོང་ཚད་གཏན་འཁེལ་བྱེད་སྐབས“གཏིང་རྡོ་”གཅིག་ལས་སྤྱོད་ཀྱི་མེད་པ་དེ་ནི་LPRརེད།
ཅི་ཞིག་ལ་LPRཟེར།
LPRནི་མཚོན་བྱེད་ཅན་གྱི་དངུལ་ཁང་20ཡིས་ཟླ་རེར་རང་སོ་སོས་རིན་གོང་ཁྱབ་བསྒྲགས་བྱེད་པ་དང་། རིན་གོང་མཐོ་ཤོས་དང་རིན་གོང་དམའ་ཤོས་ཕུད་རྗེས། རིན་གོང་ལྷག་མའི་ཆ་སྙོམས་གྲངས་ཐང་བླངས་པ་དེ་ཟླ་དེའི་LPRཡིན།
མདོར་བསྡུས་ནས་བཤད་ན། LPRནི་དངུལ་ཁང་ཁག་གིས“སྙན་སེང་ཞུས་པའི”སྐྱེད་ཚད་ཡིན་པ་དང་། ཟླ་རེར་གསར་བསྒྱུར་ཐེངས་རེ་བྱེད་ཀྱི་ཡོད་པ་རེད། ཁང་པའི་དངུལ་བུན་དང་། མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ཡང་ན་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་གང་ཡིན་རུང་། ལོ་ཤས་གོང་མང་ཆེ་བས་LPRདེ་གོང་ཚད་ཀྱི་གཞི་འཛིན་སར་བྱས་པ་དང་། དེའི་རྨང་གཞིའི་ཐོག་སྣོན་འཕྲི་བཏང་ནས། མཐའ་མའི་སྐྱེད་ཚད་གཏན་འཁེལ་བྱེད་ཀྱི་ཡོད་པ་རེད།
ད་ལྟ།“གཏིང་རྡོ་གཉིས་”ཀྱི་དུས་རབས་སླེབས་པ་རེད། ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་གྱིས་བཤད་དོན། སླད་ཕྱིན་དངུལ་བུན་གྱི་སྐྱེད་ཚད་དེ“གཏིང་རྡོ་”གསར་པ་ཞིག་སྣོན་རྒྱུ་སྟེ། DRསྐྱེད་ཚད་དེ་རེད།
ཅི་ཞིག་ལ་DRསྐྱེད་ཚད་ཟེར།
DRསྐྱེད་ཚད་ནི་དངུལ་ཁང་ལས་རིགས་ཀྱི་དངུལ་བཅོལ་ལས་ཁུངས་བར་དངུལ་གཡར་བའི་ཚོང་འགྲིག་སྐྱེད་ཚད་ཡིན། མདོར་བསྡུས་ན། DRསྐྱེད་ཚད་ནི་ཉོ་ཚོང་རེ་རེ་བཞིན་དངོས་སུ་ཚོང་འགྲིག་པ་ལས་བྱུང་བ་ཞིག་ཡིན་པས། ཉིན་རེར་འགྱུར་ལྡོག་འབྱུང་བཞིན་ཡོད། ཁྲོམ་རའི་ཐོག་མ་དངུལ་འདང་ངེས་ཡོད་སྐབས། DRསྐྱེད་ཚད་དམའ་རུ་འགྲོ་བ་དང་། མ་དངུལ་དམ་དུ་འགྲོ་སྐབས། DRསྐྱེད་ཚད་དེ་མ་ཐག་ཇེ་མཐོར་འགྲོ་ངེས་རེད།
དངུལ་བུན་གྱི་གོང་ཚད་གཏན་འཁེལ་ལ་DRསྐྱེད་ཚད་བཅུག་ན་དངུལ་བུན་ལ་ཕན་པ་ཅི་ཞིག་ཡོད།
DRསྐྱེད་ཚད་ལ་སྐྱེན་ཞིང་འགྱུར་མགྱོགས་པའི་ཁྱད་ཆོད་ཡོད་པས། ཁེ་ལས་ཆེ་འབྲིང་གི་དངུལ་བུན་ལ་འཚམ་མོད། འོན་ཀྱང་དངུལ་ཁང་དང་ཁེ་ལས་གཉིས་ཀྱིས་གཅིག་གཏད་གཅིག་གི་གྲོས་མཐུན་གན་རྒྱ་འཇོག་དགོས། དཔེར་ན། བཟོ་གྲྭ་ཞིག་ལ་རྒྱུན་དུ་དུས་ཐུང་གི་འཁོར་རྒྱུག་མ་དངུལ་དགོས་ན། དངུལ་ཁང་དང་གྲོས་བྱས་ནས་དངུལ་བུན་སྐྱེད་ཚད་DRལ་གཏན་འཁེལ་བྱས་ཆོག ཁེ་ལས་ཀྱི་ངོས་ནས་བརྗོད་ན། DRསྤྱད་ཚེ་དེ་བས་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་ཁྲོམ་རའི་མ་དངུལ་གྱི་མ་གནས་འགྱུར་ལྡོག་ཤེས་ཚོར་ཐུབ་པ་དང་། དེ་བས་ཁྲོམ་ར་ཅན་གྱི་རྣམ་པའི་ཐོག་ནས་དངུལ་འཇོག་དང་དངུལ་བསྡུའི་ཐག་ཆོད་ཐུབ། དངུལ་ཁང་གི་ངོས་ནས་བརྗོད་ན། DRབེད་སྤྱོད་བྱས་ན་དེ་བས་སྟབས་བདེ་བའི་སྒོ་ནས་མ་དངུལ་གྱི་མ་གནས་ལ་གཞིགས་ནས་ལུགས་མཐུན་ངང་གོང་ཚད་གཏན་འཁེལ་བྱེད་ཐུབ།
LPRཡི་བརྟན་བརླིང་རང་བཞིན་ཅུང་ལེགས་པ་དང་། ཁང་པའི་དངུལ་བུན་དང་། མི་སྒེར་གྱི་དངུལ་བུན། ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་བཅས་ལ་མུ་མཐུད་LPRསྤྱད་ན་འཚམ་པ་ཡོད།