གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 10ཚེས་13ཉིན། 10:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཏིང་ཡེ་ཤན་གྱི་ཕུགས་བསམ་དང་དད་སེམས་ཉམས་པ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ནས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་མགྲོན་ཁང་སྒྲིག་འགལ་ངང་བཟུང་སྤྱོད་བྱས་པ་དང་། སྒྲིག་འགལ་ངང་གསོལ་སྟོན་དང་ལེན་བྱས་པ། རྩ་འཛུགས་ཀྱི་རྩ་དོན་ལས་འགལ་ནས་ལས་བྱེད་པ་འདེམས་སྤྱོད་ལས་དོན་ཁྲོད་སྒྲིག་འགལ་ངང་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་པ། མི་སྒེར་གྱི་འབྲེལ་ཡོད་དོན་གནད་གཏན་འབེབས་ལྟར་སྙན་སེང་མ་ཞུས་པ། སྤྱོད་གཙང་གི་མཐའ་ཚད་མ་བསྲུངས་བར་སྒྲིག་འགལ་ངང་འབུལ་རྟེན་བླངས་པ། སྒྲིག་འགལ་ངང་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བ། ཏང་དང་མི་དམངས་ཀྱིས་སྤྲད་པའི་སྤྱི་དོན་དབང་ཆ་སྒེར་ཕན་སྒྲུབ་པའི་ལག་ཆར་བསྒྱུར་ནས་དངུལ་དང་རྒྱུ་ནོར་ཕོན་ཆེན་བླངས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཀུང་སི་ཁྲོམ་རར་ཞུགས་པ་དང་། རྣམ་གྲངས་འགན་གཙང་ལེན་པ། ལས་སྒོ་གཉེར་བ་སོགས་བྱེད་རོགས་བྱས་ནས་ཁེ་ཕན་བླངས་པ་དང་འབྲེལ་ཁྲིམས་འགལ་ངང་རྒྱུ་དངོས་འབོར་ཆེན་ཡང་བླངས་ཡོད་པ་རེད།
ཏིང་ཡེ་ཤན་གྱིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་པ་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་མ་ཟིན་པས། ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་སྟབས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཏིང་ཡེ་ཤན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། གཏན་འབེབས་ལྟར་ཁོ་པས་ལོངས་སྤྱོད་བྱེད་བཞིན་པའི་ཐོབ་ཐང་མེད་པར་བཟོས་པ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིའི་ཐོབ་ཐང་མེད་པར་བཟོས་པ། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་གཞུང་བཞེས་བཏང་བ་མ་ཟད། ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་དང་འབྲེལ་ཡོད་ཀྱི་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲད་པ་རེད།