འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་20ཉིན།

༄༅།།ཟླ་དང་པོ་ནས་བརྒྱད་པ་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་5.7%འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་20ཉིན། 09:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བརྒྱད་པ་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་15.66ཟིན་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་། དེའི་ནང་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་12.91ཟིན་ནས་6.6%འཕར་ཡོད།

ཁྲལ་རིགས་དབྱེ་ནས་བལྟས་ན། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་5.9%འཕར་བ་དེ་གཙོ་བོ་ནི་བཟོ་ལས་དང་ཞབས་ཞུའི་ལས་རིགས་རྒྱུན་མཐུད་ངང་འཕར་བ་དང་། བཟོ་ལས་ཐོན་སྐྱེད་པས་བཟོ་གྲྭ་ནས་ཐོན་དུས་ཀྱི་གོང་ཚད་སྤོར་བ་སོགས་ལ་སྐུལ་ཁྲིད་ཐུབ་པ་དང་། ནང་འདྲེན་ཚོང་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་12.6%འཕར་བ་དེ་གཙོ་བོ་ཕྱི་ཕྱོགས་ཚོང་དོན་གྱི་ནང་འདྲེན་འཕར་ཚད་མགྱོགས་ཙམ་བྱུང་བ། ཁེ་ལས་ཀྱི་ཐོབ་ཁྲལ་7.3%འཕར་བ། སྒེར་གྱི་ཐོབ་ཁྲལ་14.5%འཕར་བ། དངུལ་འཛིན་ཉོ་ཚོང་གི་འཛིན་ཁྲལ་82%འཕར་བ་དེ་གཙོ་བོ་མ་རྐང་ཁྲོམ་རའི་ཚོང་འགྲིག་པའི་དངུལ་འབོར་འཕར་བ་ལས་བྱུང་བ།

ཕྱིར་གཏོང་དངོས་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་ཕྱིར་བསློགས་ཚད་སྒོར་དུང་ཕྱུར་ཁྲི་1.65ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་707མང་དུ་ཕྱིན་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་འཕར་བར་རྒྱབ་སྐྱོར་བྱས་ཡོད། ཁུལ་ཁོངས་དབྱེ་ནས་བལྟས་ན། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་བཅས་ས་ཁུལ་གྱི་ཡོང་འབབ་3.2%དང་། 1.4% 4.6% 2.1%བཅས་སོ་སོར་འཕར་བ་དང་ས་ཁུལ་མང་ཆེ་བའི་ཡོང་འབབ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་མུ་མཐུད་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་བ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་18.15ཟིན་པ་དེ་དུས་མཚུངས་ལས་1.2%འཕར་བ་དང་། རྒྱལ་ཡོངས་ཀྱི་གཏོང་སྒོའི་ཁྱབ་ཁོངས་གཙོ་བོའི་ཁྲོད་མི་སྐྱོང་མ་འཇོག་བྱས་པ་དང་འབྲེལ་བའི་གཏོང་སྒོའི་འཕར་ཚད་ཅུང་མགྱོགས་པོ་ཡོད། དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ཀྱི་གཏོང་སྒོ་6.5%འཕར་བ་དང་། སློབ་གསོའི་ཐད་ཀྱི་གཏོང་སྒོ་0.7%འཕར་བ། འཕྲོད་བསྟེན་བདེ་ཐང་ཐད་ཀྱི་གཏོང་སྒོ་9.2%འཕར་བ་དེ་གཙོ་བོ་ནི་བུ་གསོའི་ཁ་གསབ་མང་དུ་བཏང་བ། ཚན་རིག་ལག་རྩལ་ཐད་ཀྱི་གཏོང་སྒོ་2.2%འཕར་བ། སྡོད་ཁང་འགན་སྲུང་ཐད་ཀྱི་གཏོང་སྒོ་3.6%འཕར་བ་བཅས་རེད།