འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་18ཉིན།

༄༅།།སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་ནས་ཡུལ་སྐོར་ལས་རིགས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་18ཉིན། 15:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རང་བྱུང་ཐོན་ཁུངས་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བཅས་ཀྱིས་མཉམ་དུ《རང་བྱུང་ཐོན་ཁུངས་བཀོད་པ་ལེགས་སུ་བཏང་ནས་ཡུལ་སྐོར་ལས་རིགས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《བསམ་འཆར》ནང་བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། སྤྱོད་སྒོའི་དོ་དམ་ཚོད་འཛིན་འཐུས་སྒོ་ཚང་དུ་གཏོང་བ། ས་ཆ་མཁོ་འདོན་བྱེད་སྟངས་གསར་གཏོད་བྱེད་པ། ཕན་འབྲས་ཆུང་བའི་ས་ཆ་གང་འགབ་ཅི་སྤྱོད་བྱེད་པ། སྤུས་ཚད་མཐོར་གཏོང་གི་ཞབས་ཞུའི་ལྟ་འདོམས་སོགས་ཐད་འཕར་འབོར་སྲིད་ཇུས་བཏོན་ཏེ། ཡུལ་སྐོར་ལས་རིགས་ཚད་ལྡན་ཅན་དང་སྤུས་ལེགས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་ནས་ནང་མཁོའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་གསར་པ་འདོན་རྒྱུ་ཡིན་པ་བཏོན་ཡོད།

《བསམ་འཆར》ནང་བཏོན་པར། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བར་མཐོངས་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས་བར་མཐོངས་ཐོན་ཁུངས་བཀོད་པ་དང་ཐོན་ལས་འཕེལ་རྒྱས་མཉམ་འགུལ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་བརྟག་དཔྱད་ཚོད་སྐོར་དང་གསར་སྒྱུར་སྲུང་སྐྱོང་ཟུང་འབྲེལ་བྱས་ཏེ། “ཁུལ་གསུམ་རྒྱུད་གསུམ”སོགས་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དང་མཐའ་ཚད་དོ་དམ་ཚོད་འཛིན་གྱི་བླང་བྱ་ལས་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག དྲང་ཕྱོགས་ལེགས་གཏོང་གི་ཚད་གཞི་གཞིར་བཟུང“ལོ་ལྔ་ཚན་བཅོ་ལྔ་པའི”ཡུལ་སྐོར་འཕེལ་རྒྱས་ཀྱི་བར་མཐོངས་དགོས་མཁོ་དེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི“ས་བཀྲ་གཅིག”ནང་སྤྱི་འདོམས་ངང་བཅུག་ནས་ཚན་རིག་དང་མཐུན་པའི་ངང་ས་ཆ་འདེམས་དགོས། ཡུལ་སྐོར་ས་ཆའི་སྤྱོད་སྒོ་དོ་དམ་ཚོད་འཛིན་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིབ་ཚགས་ཅན་གྱི་ས་ཆ་སྤྱོད་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ།

རིག་གནས་ཡུལ་སྐོར་རྣམ་གྲངས་ཆུང་གྲས་དོན་འཁྱོལ་གྱི་དཀའ་གནད་བསལ་ནས་སྤུས་ལེགས་རིག་གནས་ཡུལ་སྐོར་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་སྔ་ཙམ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། གསོག་འབོར་བར་མཐོངས་སྤྱད་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་རང་བྱུང་ཐོན་ཁུངས་མཁོ་སྤྲོད་ལམ་སྲོལ་གསར་གཏོད་ལ་ལྕག་སྐུལ་བྱས་ནས་གསོག་འབོར་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕན་འབྲས་ཆུང་བའི་ཡུལ་སྐོར་ལ་སྤྱོད་པའི་ས་ཆ་གཏན་འཁེལ་གྱི་ཚད་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕན་འབྲས་ཆུང་བའི་ཡུལ་སྐོར་ས་ཆའི་གནས་ཚུལ་ལ་ཚོད་སྐོར་གཏིང་ཟབ་བྱེད་པ། གནད་དོན་གྱི་ཞན་ཆར་དམིགས་ནས་བར་མཐོངས་ལེགས་གཏོང་གི་ཁ་ཕྱོགས་གསལ་པོ་བཟོ་བ་བཅས་བྱས་ཏེ་ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ། བདེ་ཐང་སོགས་སྣ་མང་ལས་རྣམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།