—— 2026ལོའི“དགེ་རྒན་ཡག་ཤོས”ཀུའོ་ཧྲའོ་ཆིང་གི་སྐོར་བཀོད་པ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་18ཉིན། 15:23】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་ཀུའོ་ཧྲའོ་ཆིང་གིས་བརྟག་ཞིབ་བྱེད་སྐབས་ཕྲུ་གུ་ཚོ་དང་གླེང་མོལ་བྱེད་བཞིན་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་གཡོད།
ཀུའོ་ཧྲའོ་ཆིང་ནི་ནུབ་བྱང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡིན་མོད། འོན་ཀྱང་སློབ་གྲྭ་འབྲིང་ཆུང་དུ་འགྲོ་རྒྱུར་དགའ་པོ་ཡོད་ལ། ཇི་ལྟར་རྒྱང་ཐག་རིང་བའི་སློབ་གྲྭ་དག་གིས་དེ་ལྟར་ཁོང་གི་སེམས་ཀྱི་དང་བ་འདྲེན་ཞིང་། སློབ་གསོ་ལག་རྩལ་རིག་པའི་ཁྱབ་ཁོངས་ཀྱི་མཁས་དབང་ཞིག་ཡིན་པའི་ངོས་ནས། ཁོང་གིས་གྲངས་འཛིན་ལག་རྩལ་ལ་བརྟེན་ཏེ་སློབ་གསོའི་དྲང་གཞག་ལ་ཡར་སྐུལ་བྱ་རྒྱུའི་འཚོལ་ཞིབ་རྒྱུན་མཐུད་ཀྱིས་གྲོང་གསེབ་སློབ་གསོའི་ཡུལ་དངོས་སུ་ལས་དོན་སྒྲུབ་བཞིན་ཡོད།
རི་ཀླུང་མང་པོ་བརྒལ་བ་དང་འཐབ་ས་དང་པོར་གཞི་འཛུགས་པ་ནི་ཀུའོ་ཧྲའོ་ཆིང་གི་ལས་ཀའི་རྒྱུན་རྣམ་དུ་གྱུར་ཡོད། ཁོང་གིས“རིགས་པའི་གཞུང་ལུགས་དཔེ་སྒྲོམ་དུ་འཇོག་མི་རུང་བར་ཡུལ་དངོས་སུ་བསྐྱོད་དེ་གྲོང་གསེབ་ཀྱི་སློབ་ཚན་ནང་ཁྱབ་པར་བྱེད་དགོས”པའི་ངོས་འཛིན་བྱེད་ཀྱི་ཡོད། སློབ་གསོའི་ལས་ཀ་བསྒྲུབས་ནས་ལོ་41སོང་རིང་། ཁོང་གིས་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་དུ་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་རི་ཀླུང་བརྒལ་བའི་འབྲེལ་འདྲིས་ཀྱི་ཟམ་པ་བཙུགས་ཏེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱིས་གྲོང་གསེབ་ཀྱི་ཕྲུ་གུ་ཁྲི་སྟོང་མང་པོར་ཕན་བཏགས་པ་རེད།
གྲོང་གསེབ་སློབ་གསོའི་ཐད་ཀྱི་དོ་ཁུར་ནི་ལོ་མང་པོའི་གོང་ནས་འཚོལ་ཞིབ་བྱེད་འགོ་ཚུགས་ཤིང་། 1999ལོར་ལག་རྩལ་ལ་བརྟེན་ནས་གྲོང་གསེབ་ཀྱི་སློབ་གསོ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་བློ་འདྲིའི་ཚོགས་འདུ་ཞིག་གི་ཐོག་ཀུའོ་ཧྲའོ་ཆིང་གིས་གྲངས་འཛིན་འཕྲིན་གཏོང་སྲུང་སྐར་སྤྱད་དེ་གྲོང་ཁྱེར་གྱི་སྤུས་ལེགས་སློབ་ཚན་གྱི་ཐོན་ཁུངས་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཏུ་སྐྱེལ་ཐུབ་མིན་སྐོར་གྱི་བསམ་བཀོད་ཅིག་བཏོན་པ་རེད།
ཀུའོ་ཧྲའོ་ཆིང་དང་ཚོགས་པས་ཀན་སུའུ་ཧུའེ་ཉིང་རྫོང་དང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ། ཨར་འདམ་དབོར་བ་དང་། སྲུང་སྐར་གནམ་སྐུད་འཁྲིད་པ། བརྡ་རྟགས་ལེགས་སྒྲིག་བཅས་བྱས་ཏེ་ནུབ་བྱང་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་སློབ་ཆུང་གི་སྤུས་ལེགས་སློབ་ཚན་གྲོང་གསེབ་ཏུ་ཁྱབ་པར་བྱས། ཕྱིས་སུ་བྱེད་སྟངས་དེ་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དེང་རབས་རྒྱང་ཁྲིད་སློབ་གསོའི་འདུ་འགོད་ཁྲོད་ཁྱབ་གདལ་བཏང་བ་རེད།
ལོ་ངོ་འདི་དག་རིང་། ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཀུའོ་ཧྲའོ་ཆིང་གིས་ཀྱང་ལག་ལེན་ཁྲོད་སློབ་གསོའི་དཀའ་གནད་རྒྱུན་ཆད་མེད་པར་ཤེས་རྟོགས་བྱུང་བ་དང་འབྲེལ་ཐག་གཅོད་བྱས་པ་རེད།
གྲོང་གསེབ་ཀྱི་སློབ་གྲྭ་ཁག་གཅིག་གི་རོལ་དབྱངས་དང་མཛེས་རྩལ་སོགས་སློབ་ཚན་ཉམས་ཞན་ཡིན་པའི་གནད་དོན་ལ་གཞིགས་ཏེ། ཀུའོ་ཧྲའོ་ཆིང་གིས་2019ལོར་དགེ་འོས་སློབ་གླིང་གི་སློབ་སྐྱོར་ཞབས་ཞུའི་རྣམ་པ་གསར་པ་བཏོན་ནས་ལོ་རིམ་མཐོ་བའི་དགེ་འོས་སློབ་མས་དྲ་རྒྱའི་སློབ་ཚན་བརྒྱུད་གྲོང་གསེབ་ཀྱི་ཕྲུ་གུར་སློབ་ཁྲིད་བྱེད་དུ་བཅུག་པ་དང་། ཀན་སུའུ་ཞིང་ཆེན་ནང་ཁུལ་གྱི་དགེ་འོས་སློབ་གླིང་8བྱེད་སྟངས་དེའི་ནང་ཞུགས་ནས་རྫོང་16གི་གྲོང་གསེབ་སློབ་གྲྭ་400ལྷག་ཙམ་ལ་ཕན་པ་བཏགས་ཡོད་པ་རེད།
གྲོང་གསེབ་ཀྱི་སློབ་གྲྭར་ཚན་རིག་སློབ་གསོའི་ཆེད་བསྐོས་དགེ་རྒན་དང་སྒྲིག་ཆས་དཀོན་པའི་གནད་དོན་ལ་གཞིགས་ཏེ། ཀུའོ་ཧྲའོ་ཆིང་གིས་སླར་ཡང་ཐག་གཅོད་ཀྱི་ཇུས་གཞི་བཏོན་ནས་རིག་ནུས་སློབ་སྦྱོང་ལྟེ་གནས་སྤྱད་དེ་གྲོང་གསེབ་ཀྱི་ཚན་རིག་སློབ་གསོའི་ཁོར་ཡུག་གསར་པ་འཛུགས་སྐྱོང་གིས་ཚན་རིག་སློབ་ཚན་གྱི་ལས་སྟེགས་གསར་སྤེལ་བྱས་པ་རེད།
ད་ཆ་ཀན་སུའུ་བསང་ཆུ་རྫོང་རྒན་གྱ་གྲོང་རྡལ་ཕྱུག་པོ་སློབ་ཆུང་གི་ཚན་རིག་སློབ་ཚན་དུ། སློབ་མ་ཚོས་ངོས་ལེབ་གློག་ཀླད་ནས་སློབ་ཁྲིད་ལག་དེབ་ཐོག་གི་རྩ་གཉིས་ཨང་རྟགས་བཤར་ཚེ་རྒྱལ་ཁབ་ཀྱི་བློ་རིག་སློབ་གསོའི་ལས་སྟེགས་ཀྱི་བརྙན་ལམ་སློབ་སྦྱོང་བྱེད་ཐུབ་པ་མ་ཟད། ད་དུང་ཚན་རིག་སློབ་གསོའི་རིག་ནུས་སྒྲིག་གཞི་དང་སྐད་ཆ་ཤོད་རེས་ཀྱང་བྱེད་ཐུབ། ཇུས་གཞི་དེ་ཀོང་ཤིས་དང་ཀན་སུའུ་སོགས་ཀྱི་གྲོང་གསེབ་སློབ་གྲྭར་ལག་བསྟར་བྱས་པས། ཚན་རིག་གི་འོད་སྣང་གིས་གྲོང་གསེབ་ཀྱི་ཕྲུ་གུ་མང་པོའི་ཕུགས་འདུན་གསལ་བར་བྱས་ཡོད།
དགེ་འོས་སློབ་གླིང་གི་དགེ་རྒན་ཡིན་པའི་ཀུའོ་ཧྲའོ་ཆིང་གི་ངག་སློབ་དཔེ་སྟོན་གྱིས་སློབ་མ་ཚོར་ཤུགས་རྐྱེན་བཟང་པོ་ཐེབས་ཀྱི་ཡོད་ལ། མ་འོངས་པའི“ལྡུམ་ར་སྐྱོང་མཁན”ཡང་གསོ་སྐྱོང་བྱེད་ཀྱི་ཡོད་པ་རེད།
“ཐག་རིང་ལུང་ཁུག་དང་ས་བབ་མཐོ་བའི་ཡུལ་ལུང་དུ་བརྟག་ཞིབ་བྱེད་སྐབས། དགེ་རྒན་ཀུའོ་ལགས་ང་ཚོ་དང་མཉམ་ཟ་མཉམ་སྡོད་བྱེད་ཀྱི་ཡོད། ཉིན་མོར་འདྲི་རྩད་བྱས་ནས་དགེ་སློབ་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་པ་དང་། དགོང་མོ་ང་ཚོ་ཁྲིད་ནས་མཚན་གུང་བར་བགྲོ་གླེང་བྱེད་ཀྱི་ཡོད་པས། ཁོང་ནི་གཞོན་ནུ་ཚོ་ལས་ཀྱང་སྙིང་རུས་ཆེ་བ་འདུག”ཅེས་འབུམ་རམས་ཞིབ་འཇུག་སློབ་མ་ཧྭ་ཞའོ་ཡུས་ཀྱིས་བཤད་ཅིང་། “སློབ་མཐར་ཕྱིན་རྗེས་ང་རང་ཁོང་དང་འདྲ་བར་བྱམས་བརྩེ་དང་། སྙིང་རུས། འགན་འཁྲི་བཅས་ལྡན་པའི་དགེ་རྒན་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
ལོ་ངོ་འདི་དག་རིང་། ཀུའོ་ཧྲའོ་ཆིང་གིས་ཞིབ་འཇུག་སློབ་མ་130ལྷག་ཙམ་གསོ་སྐྱོང་བྱས་པ་དང་། ཁོང་ཚོ་ནི་ཁུར་མོང་གི་ས་བོན་དང་འདྲ་བར་རྒྱལ་ཁབ་ལ་དགོས་མཁོ་ཡོད་སར་འཕུར་ནས་གྲོང་གསེབ་ཀྱི་སློབ་གསོར་གསོན་ཤུགས་སྦྱིན་གྱི་ཡོད།