འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་17ཉིན།

༄༅།།རང་རྒྱལ་གྱི་བཟོ་ལས་ས་གཏེར་སོགས་གཏེར་རྫས་རིགས་14ཡི་གསོག་འབོར་འཛམ་གླིང་གི་ཨང་དང་པོ་ཡིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་17ཉིན། 13:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རང་བྱུང་ཐོན་ཁུངས་པུའུ་ཡིས《ཀྲུང་གོའི་གཏེར་རྫས་ཐོན་ཁུངས་ཀྱི་སྙན་ཞུ་2026》ཁྱབ་བསྒྲགས་བྱས་པ་རེད།

སྙན་ཞུའི་ནང་མངོན་གསལ། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར་རང་རྒྱལ་གྱི་བཟོ་ལས་ས་གཏེར་དང་། ཝུ་ལྕགས། གཤའ་དཀར་སོགས་གཏེར་རྫས་རིགས་14ཡི་གསོག་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། རྡོ་སོལ་དང་། ལྕགས། མཱན། ཐེ་སོགས་གཏེར་རྫས་རིགས་9ཡི་གསོག་ཚད་འཛམ་གླིང་གི་ཨང་བཞི་པར་སླེབས་ཡོད། 2025ལོར། རང་རྒྱལ་གྱི་ས་གཤིས་རྩད་ཞིབ་ལ་མ་འཇོག་ལོ་ལྔ་བསྟུད་མར་འཕར་ནས་གཏེར་འཚོལ་ཐད་མུ་མཐུད་འཕེལ་རྒྱས་གལ་ཆེན་བྱུང་ཡོད། རྒྱལ་ཡོངས་སུ་སྣུམ་རླངས་མིན་པའི་གཏེར་ཁ་ཐོན་ཡུལ་200རྙེད་པའི་ནང་ཆེ་གྲས་63དང་། འབྲིང་གྲས་57 ཆུང་གྲས་80བཅས་ཡོད་པ་རེད།

གཏེར་རྫས་ཐོན་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་ཐད་རང་རྒྱལ་གྱི་གཏེར་འདོན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་ལྔ་བསྟུད་མར་འཕར་ཞིང་། གཏེར་ཁའི་ཐོན་རྫས་གཙོ་བོ་ཐོན་སྐྱེད་དང་མཁོ་སྤྲོད་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་གཏེར་ཁའི་ཐོན་ཁུངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་དེ་བས་བརྟན་དུ་ཕྱིན་ཡོད། རྡོ་སོལ་དང་། མ་བཅོས་རྡོ་སྣུམ། རང་བྱུང་སོལ་རླངས་སོགས་ནུས་རྒྱུའི་གཏེར་ཁའི་ཐོན་རྫས་ཐོན་འཕར་བྱུང་ཚུལ་བཟང་པོ་ཡོད། གཏེར་ལས་ལྗང་མདོག་འཕེལ་རྒྱས་ཐད“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཡོངས་སུ་ལོ་རྒྱུས་ཐོག་བེད་མེད་དུ་དོར་བའི་གཏེར་རི་སྤྱི་ཆིང་ཁྲི་22.3ཉམས་གསོ་བཅོས་སྐྱོང་བྱས་ནས་སྔོན་དཔག་དམིགས་ཚད་ལས་འགན་19.6%ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཡོད། 2025ལོ་འཁོར་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བཅོས་སྒྲིག་གི་མ་དངུལ་སྒོར་དུང་ཕྱུར་51.5བཀོད་སྒྲིག་བྱས་ནས་ལོ་རྒྱུས་ཐོག་ལུས་པའི་བེད་མེད་གཏེར་རིའི་སྐྱེ་ཁམས་ཉམས་གསོའི་དཔེ་སྟོན་འདུ་འགོད་ལ་མུ་མཐུད་སྐུལ་འདེད་བཏང་ཡོད་པ་རེད།