འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་16ཉིན།

༄༅།།ས་མཐོའི་དབྱུག་རྩེད་སྤོ་ལོ་མཁས་པ་ཕ་ཡུལ་དུ་ལོག་དོན་ནི་སྤོ་ལོ་མཁས་པ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད་རེད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། གཡང་ཕྱུག་ཟླ་སྒྲོན། ཀྲང་ལུང་། ཀྲའོ་ཡུས་ཧོ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་16ཉིན། 11:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་དཔལ་ལྡན་པད་མས(གཡོན་གྱི་དང་པོ)སློབ་མར་དབྱུག་རྩེད་སྤོ་ལོ་རྒྱག་སྟངས་སློབ་བཞིན་པ།

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་དཔལ་ལྡན་པད་མས(གཡོན་གྱི་དང་པོ)སློབ་མར་དབྱུག་རྩེད་སྤོ་ལོ་རྒྱག་སྟངས་སློབ་བཞིན་པ།

ས་བབ་སྨི་3000ཙམ་ཡོད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་མུ་མེད་རྩྭ་ཐང་དུ་སྐྱི་སེར་རླུང་བུ་བར་མེད་ལྡང་། མཚོ་ལྷོ་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ལུས་རྩལ་ཐང་དུ་སྤོ་ལོ་རྒྱག་པའི་སྐད་སྒྲས་ས་མཐོའི་ལྷིང་འཇགས་དཀྲོགས། འགྲན་རའི་འགྲམ་དུ་ལོ་29ལ་སླེབས་པའི་དབྱུག་རྩེད་སྤོ་ལོའི་རྩལ་ཁྲིད་པ་དཔལ་ལྡན་པད་མ་ཀྲོང་ངེར་ལངས་ཏེ་མིག་ཟུང་བར་སྣང་དུ་འཕངས་པའི་སྤོ་ལོ་ཆུང་ཆུང་དེར་ཅེར་ནས་འདུག འབྲོག་ཁུལ་གྱི་ཕྲུ་གུ་མི་ཉུང་བ་ཞིག་གི་ངོས་ནས་བརྗོད་ན་སྔོན་ཆད་དབྱུག་རྩེད་སྤོ་ལོ་ནི་ཆ་རྒྱུས་གཏན་ནས་མེད་པའི་ལུས་རྩལ་ཞིག་རེད། འོན་ཀྱང་ད་ཆ་སྤོ་ལོ་དཀར་པོ་ཆུང་ཆུང་དེ་འབྲོག་ཁུལ་གྱི་གཞོན་ནུ་ཚོས་ཕྱི་རོལ་འཇིག་རྟེན་ལ་ལྟ་བའི་སྐར་ཁུང་ལྟ་བུར་གྱུར་ཡོད།

ལོ་9ལ་སླེབས་སྐབས་དཔལ་ལྡན་པད་མར་དབྱུག་རྩེད་སྤོ་ལོ་ཐེངས་དང་པོ་རྒྱག་པའི་སྐལ་བ་རག ཧན་གོ་ནས་ཡིན་པའི་རྩལ་ཁྲིད་པ་ཐན་ཁྲང་ཅི་གསེར་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་དུ་ཞག་སྡོད་རྣམ་པའི་འབྲོག་ཁུལ་གྱི་ཕྲུ་གུ་ཁྲོད་ནས་དབྱུག་རྩེད་སྤོ་ལོ་སྦྱོང་མཁན་བདམས། འཕེན་པ་དང་། རྒྱུག་པ། མཆོང་བ་བཅས་ཀྱི་འདེམས་སྒྲུག་གོ་རིམ་ནང་ཕྲུ་གུ་40ལྷག་ཙམ་ཞུགས་པ་དང་། རིམ་པ་བཞིན་འདེམས་སྒྲུག་བྱས་པ་བརྒྱུད་མཐར་ཕྲུ་གུ་19ཚུད་པའི་ནང་དཔལ་ལྡན་པད་མ་ཡོད།

སྐབས་དེ་དུས་ས་མཐོར་ཚད་ལྡན་གྱི་སྤོ་ལོ་ཐང་མེད་པ་མ་ཟད། སྦྱོང་བརྡར་ཡོ་བྱད་ཀྱང་ཧ་ཅང་དཀོན་པོ་རེད། ཆ་རྐྱེན་ཞན་ཡང་འབྲོག་ཁུལ་གྱི་ན་ཆུང་ཚོའི་བློ་རྩ་ཧ་ཅང་བརྟན་པོ་ཡོད།

གཞན་གྱིས་སྦྱོང་བརྡར་ཐེངས་གཅིག་ལས་བྱེད་ཀྱི་མེད་ཀྱང་དཔལ་ལྡན་པད་མས་སྦྱོང་བརྡར་ཐེངས་བརྒྱ་ཡན་བྱེད་ཀྱི་ཡོད། ཉིན་ལྟར་གྱི་སྦྱོང་བརྡར་ཁྲོད་གཞན་ལས་རྣམ་པར་རྒྱལ་བའི་རང་གཤིས་ལ་ཞུན་བརྡར་སྤྲས་ཡོད།

ངར་ཤུགས་དེར་བརྟེན་ནས་2009ལོར་དཔལ་ལྡན་པད་མར་ཨ་རིའི་ཆེད་ལས་དབྱུག་རྩེད་སྤོ་ལོའི་མནའ་འབྲེལ་ཆེ་མོའི(MLB)ཀྲུང་གོའི་དབྱུག་རྩེད་སྤོ་ལོའི་འཕེལ་རྒྱས་ལྟེ་གནས་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་སྟེ། ས་མཐོ་ནས་གྱེས་ནས་ནང་སར་ཆེད་ལས་སྦྱོང་བརྡར་བྱེད་པར་བསྐྱོད།

ཝུའུ་ཤིས་ནས་ཁྲང་ཀྲོའུ་བར་དང་དེ་ནས་ནན་ཅིང་བར་ཁོང་གིས་འགྲན་ར་དེ་བས་ཆེ་བ་རེ་རེ་བཞིན་འགྲིམས། ཡུལ་གཞན་གྱི་སྤོ་ལོའི་ཐང་དུ་སྤོ་ལོ་རྒྱག་དུས་དཀའ་སྤྱད་འབད་བརྩོན་བྱས་ན་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པ་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་།

སྤོ་ལོ་རྒྱག་ཞོར་དུ་ཁོང་གིས་རིག་པའི་གནས་ལ་སྦྱངས་བརྩོན་བྱེད་རྒྱུ་འཐུས་ཤོར་གཏན་ནས་བཏང་མེད། མཐོ་རྒྱུགས་བཏང་རྗེས་དཔལ་ལྡན་པད་མ་ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་དུ་རྒྱུགས་འཕྲོད་ནས་ཁྲིམས་རིག་པ་དང་དབྱིན་ཡིག་རྩོམ་རིག་གི་སློབ་གནས་གཉིས་ཀ་རག་སྟེ། 2020ལོར་སློབ་མཐར་ཕྱིན། ཡིག་སྒྱུར་དང་ཁྲིམས་དོན་སོགས་ཀྱི་གྲོང་ཁྱེར་ཆེན་པོ་མི་ཉུང་བ་ཞིག་གི་ལས་གནས་རྩེ་གྲ་མང་པོས་ཁོང་གདན་ཞུས་བྱས། འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་ལས་ཀ་རག་ན་ཐོབ་ཐང་ཡག་ལ་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་མཚོན་གྱི་ཡོད།

མཚན་མོ་མང་པོར་རྩྭ་ཐང་གི་ཡིད་འོང་རྣམ་པ་ཁོང་གི་བློ་ཡུལ་དུ་འཁོར་ནས་གཉིད་ཐེབས་ཆག “ཕ་ཡུལ་དང་རྒན་རབས་མང་པོས་གཡས་གཞོགས་གཡོན་འདེགས་བྱས་པས་ང་རང་རི་གྲོང་ནས་ཐོན་ཏེ་དེ་བས་མཐོང་རྒྱ་ཡངས་པའི་གྲོང་ཁྱེར་དུ་འགྲོ་བའི་གོ་སྐབས་རག་ཡོད། གལ་ཏེ་ངས་རང་ཉིད་ཀྱི་མདུན་ལམ་ཁོ་ན་བསམས་ནས་བསྡད་ན་ས་མཐོའི་བུ་ཕྲུག་ཚོར་ལས་དབང་ལ་ཁ་ལོ་བསྒྱུར་བའི་ལམ་བུ་ཞིག་ཉུང་དུ་འགྲོ་སྲིད” མནོ་བསམ་ཡང་ཡང་བཏང་མཐར་དཔལ་ལྡན་པད་མས་ཕ་ཡུལ་དུ་ལོག་རྒྱུའི་སེམས་ཐག་བཅད་དེ། མཚོ་ལྷོ་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོའི་རྩལ་ཁྲིད་པ་བྱས།

ཕ་ཡུལ་དུ་ལོག་ནས་རྩལ་ཁྲིད་ལས་དོན་སྟོང་ཆ་ནས་སྟ་གོན་བྱེད་འགོ་ཚུགས།

ཐོག་མར་སློབ་གྲྭའི་རུ་ཁག་རྩིས་ལེན་སྐབས་རུ་ཁག་ཡོངས་ལ་རུ་མི་བཞི་ལས་མེད། དེས་མ་ཚད་ཁྱིམ་བདག་མང་པོ་ཞིག་གི་བསམ་བློ་རྙིང་ཞེན་ཆེ་བས་ལུས་རྩལ་གྱིས་ཕྲུ་གུའི་རིག་གནས་སློབ་ཚན་ལ་འཐུས་ཤོར་ཡོང་བར་སེམས་ཁྲལ་བྱེད། དཔུང་ཁག་འཛུགས་སྐྱོང་དང་། ཉིན་རེའི་སྦྱོང་བརྡར། སྤོ་ལོ་རྒྱག་མཁན་འདེམས་སྒྲུག་བཅས་ཀྱི་ལས་ཀ་ཚང་མ་ཁོང་གི་ཕྲག་ཐོག་ཏུ་བབས།

ཐོག་མར་རྩལ་ཁྲིད་བྱེད་སྐབས་གླ་ཕོགས་དམའ་པོ་རེད། དགུན་གསེང་སླེབས་རིམ་བཞིན་ཉེ་འགྲམ་གྱི་མི་གཞན་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་སྐབས་ཁོང་གི་སེམས་ནུས་ཡོད་ཚད་ཕྲུ་གུ་ཚོར་སྦྱོང་བརྡར་གང་འདྲ་བྱེད་མིན་ཐད་འཇོག་གི་ཡོད། རྩལ་ཁྲིད་པའི་འགན་འཁུར་བའི་ཐོག་མའི་ལོ་གསུམ་རིང་། རྒྱབ་སྐྱོར་བྱེད་མཁན་གཏན་ནས་མེད་པའི་འ་ཆད་འུ་ཐུག་གི་དུས་སུ། བློས་གཏོང་གི་བསམ་བློ་ཡང་ཡང་འཁོར་མོད། ཡིན་ནའང་ལུས་རྩལ་ཐང་དུ་སྦྱོང་བརྡར་བྱེད་བཞིན་པའི་ན་གཞོན་ཚོ་མཐོང་སྐབས་ཁོང་གི་བློ་རྩ་བརྟན་དུ་ཕྱིན་ཡོད།

སྦྱོར་བརྡར་ཐང་དུ་དཔལ་ལྡན་པད་མ་ཧ་ཅང་ནན་པོ་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ“སྤོ་ལོ་རྒྱག་པར་སྔོན་ལ་མི་ཡག་པོ་ཞིག་བྱེད་དགོས་པ་དང་། སྤོ་ལོ་བརྒྱབ་ནས་རིག་གནས་སྦྱོང་རྒྱུ་འཐུས་ཤོར་གཏོང་མི་རུང་བའི”འདུ་ཤེས་འཆང་གི་ཡོད། ཁོང་གིས་སྤོ་ལོ་རྒྱག་རྩལ་བསླབས་པ་མ་ཟད། ཕྲུ་གུ་ཚོའི་བསམ་བློ་ཀུན་སྤྱོད་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད།

ཁོང་གིས་རུ་མི་ཚོར་རང་གཅུན་དང་འགན་སེམས་ཡོད་མཁན་ཞིག་དང་ཕམ་ཁའང་དང་ལེན་ཐུབ་མཁན་ཞིག་བྱེད་དགོས་པའི་ཁ་ཏ་བྱེད་ཀྱི་ཡོད། ཁོང་གིས་དབྱུག་རྩེད་སྤོ་ལོས་ན་གཞོན་རྣམས་ལ་ཐོབ་ཤོར་དང་ད་ཆར་ལྟ་སྟངས་ཡང་དག་འཛིན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

ས་མཐོའི་དབྱུག་རྩེད་སྤོ་ལོ་འཕེལ་རྒྱས་གཏོང་ཆེད། དཔལ་ལྡན་པད་མས་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་སྤོ་ལོ་རྒྱག་མཁན་གྱི་སྐས་རིམ་བཟོས་ནས་རྗེས་གྲབས་དཔུང་ཁག་ཆ་ཚང་ཞིག་བཙུགས་ཡོད། དེ་དང་ཆབས་ཅིག ཁོང་གིས་མཚོ་སྔོན་ཞིང་ཆེན་དབྱུག་རྩེད་སྤོ་ལོའི་མཐུན་ཚོགས་གྲབས་འཛུགས་ནང་ཞུགས་ནས་ས་གནས་དེ་གའི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོར་འཕེལ་རྒྱས་ཀྱི་བགྲོད་ལམ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ས་མཐོའི་ན་གཞོན་ཁྱུ་གཅིག་ཁྲིད་དེ་མཚོ་སྔོན་ནས་ཐོན་ཏེ་ཏ་ལེན་དང་། ཝེ་ཧའེ། ཀུའེ་ལིན་སོགས་གྲོང་ཁྱེར་མང་པོར་འགྲན་བསྡུར་ལ་ཞུགས་ནས་འབྲས་བཟང་མང་པོ་བཏོད་ཡོད། འགྲན་རར་གངས་ལྗོངས་ས་མཐོའི་ཕྲུ་གུ་དེ་དག་གིས་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ། མཚོ་སྔོན་གྱི་དབྱུག་རྩེད་སྤོ་ལོའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་རྒྱུན་ཆད་མེད་པར་བཏོད་ཡོད།

ལོ་ཤས་རིང་ཁོང་གིས་བསྐྱངས་པའི་སློབ་མ་དྲུག་ཅུ་བདུན་ཅུ་དེ་དག་ལ་རང་ཉིད་ལ་འཚམ་པའི་ལམ་བུ་རེ་རག་ཡོད་ཅིང་། ལ་ལ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། ལ་ལ་རྒྱལ་ཁབ་ཀྱི་རུ་ཁག་དང་ཆེད་ལས་རུ་ཁག་ནང་ཚུད་པ། ལ་ལ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། མི་ཉུང་བ་ཞིག་སློབ་གྲྭ་ཐོན་ནས་དབྱུག་རྩེད་སྤོ་ལོའི་རྩལ་ཁྲིད་པར་གྱུར་ཡོད།

མིག་སྔར། མཚོ་ལྷོ་ཀྲོའུ་རུ་གཞོན་ནུ་ལོ་ཆུང་ཆིག་སྟོང་ཙམ་གྱིས་དབྱུག་རྩེད་སྤོ་ལོ་རྒྱག་པ་དང་ཞིང་ཆེན་ཡོངས་སུ་དབྱུག་རྩེད་སྤོ་ལོའི་རུ་ཁག་བཅུ་ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་བཙུགས་ཡོད།

དཔལ་ལྡན་པད་མར་བསམ་འདུན་མང་པོ་ཞིག་ཡོད་པ་ནི་ཞིང་ཆེན་ནང་ཁུལ་གྱི་དབྱུག་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གཉེར་རྒྱུ་དང་། ལུས་རྩལ་པའི་ཐོ་འགོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚད་ལྡན་ཅན་གྱི་སྤོ་ལོ་རྒྱག་ས་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་སོགས་ཡིན་པ་དང་། དེའི་མཐར་གཏུགས་དམིགས་ཡུལ་ནི་འབྲོག་ཁུལ་གྱི་གཞོན་ནུ་ལོ་ཆུང་དེ་བས་མང་བར་ཕུགས་འདུན་དོན་གཉེར་བྱེད་སའི་གར་སྟེགས་ཤིག་གཏོད་རྒྱུ་དེ་རེད།

མི་རབས་ནས་མི་རབས་བར་རྒྱུན་མཐུད་པའི་དབྱུག་རྩེད་སྤོ་ལོ་ཆུང་ཆུང་དེ་ས་མཐོའི་ན་གཞོན་ཚོ་ཐག་རིང་དུ་སྐྱོད་སའི་ལམ་བུར་གྱུར་ཡོད། དཔལ་ལྡན་པད་མས་ལུས་རྩལ་ཐང་ནས་གཞོན་ནུ་དེ་བས་མང་བ་ཐོན་ཏེ་ཁོང་ཚོ་རང་ཉིད་ལ་དབང་བའི་མདུན་ལམ་ཕྱོགས་སུ་སྐྱོད་པའི་རེ་སྒུག་བྱེད་བཞིན་ཡོད།