འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་13ཉིན།

༄༅།།ཞི་ཅིན་ཕིང་རྒྱ་གར་དུ་ཕེབས་ཏེ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་རྒྱུ་ཡིན་པ།

ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་བཀོད་སྒྲིག་དང་ཀྲུང་གོ་ཕྱོགས་ཀྱི་རེ་སྒུག་བྱ་གཞི་ངོ་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་13ཉིན། 13:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཏིའི་གདན་ཞུས་ལྟར། ཟླ་9ཚེས་12ཉིན་དང་ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱ་གར་གྱི་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་རྒྱུ་རེད། ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་བཀོད་སྒྲིག་དང་ཀྲུང་གོ་ཕྱོགས་ཀྱི་རེ་སྒུག་བྱ་གཞི་ངོ་སྤྲོད་བྱས་པ་རེད།

མའོ་ཉིང་གིས། འབོ་གསེར་མཉམ་ལས་ལམ་སྲོལ་ནི་དེང་སྐབས་འཛམ་གླིང་གི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་རེད། བཙུགས་པ་ནས་ད་བར་དུ་འབོ་གསེར་རྒྱལ་ཁབ་ཀྱིས་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་། དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ལ་གཞོལ་ནས་མིང་དོན་མཚུངས་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རུ་སྟར་གྲུ་བཞི་དང་པོར་གྱུར་ཡོད་ཅེས་བཤད་པ་རེད།

ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན། ད་ཐེངས་ཀྱི་མཇལ་འཛོམས་ནང་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་རྒྱུ་དང་། རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་མིག་སྔའི་རྒྱལ་སྤྱིའི་དུས་བབ་དང་། འབོ་གསེར་ལམ་སྲོལ་འཕེལ་རྒྱས། དངོས་སྒྲུབ་མཉམ་ལས་ཟབ་གཏོང་སོགས་ཀྱི་གནད་དོན་གལ་ཆེན་ཐད་སྤེལ་རེས་གཏིང་ཟབ་གནང་རྒྱུ། ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དང་འདོད་ཚུལ་གལ་ཆེན་ཡང་བཏོན་ནས“འབོ་གསེར་མཉམ་ལས་ཆེན་པོ”སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གཏན་འཁེལ་གནང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་གྱི་ཕྱོགས་ཁག་དང་མཉམ་དུ“འབོ་གསེར་མཉམ་ལས་ཆེན་པོ”བརྟན་བགྲོད་རྒྱང་འཁྱོལ་ཐུབ་རྒྱུར་རོགས་རམ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འབོ་གསེར་མཉམ་ལས་ཀྱི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བཤད་པ་རེད།

འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། མའོ་ཉིང་གིས་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོས་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ལི་མོ་ཏི་ཕྱོགས་གཉིས་མཇལ་་འཛོམས་གནང་རྒྱུའི་བཀོད་སྒྲིག་བྱེད་བཞིན་ཡོད། དེ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཁ་ཧྲན་དང་ཐེན་ཅིན་དུ་མཇལ་འཛོམས་གནང་རྗེས་ལོ་གསུམ་བསྟུད་མར་མཇལ་འཛོམས་གནང་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་གཞིར་བཟུང་། འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ངོས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ཟབ་ཏུ་གཏོང་བ། མི་མཐུན་པའི་ཕྱོགས་འོས་འཚམ་བསལ་ནས། ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་གྱི་གྲོགས་པོ་དང་ཕན་ཚུན་གཡས་གཞོགས་གཡོན་འདེགས་བྱེད་མཁན་རོགས་ཟླ་བྱེད་འདོད་ཡོད་ཅེས་བཤད་པ་རེད།