འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་10ཉིན།

༄༅།།མདུན་སྐྱོད་ཀྱི་ཀྲུང་གོ། “གསེར་མདོག་གི་འབྲུ་མཛོད”ནས་“ལྗང་མདོག་གི་ཐབ་ཚང་”བར།

མི་དམངས་དྲ་བའི་“མདུན་སྐྱོད་ཀྱི་ཀྲུང་གོ་”ཞེས་པའི་ཅི་ལིན་ཞིང་ཆེན་དུ་བཅར་འདྲིར་སྐྱོད་པའི་ཚོགས་པས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་10ཉིན། 16:55】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཏེ་ཧུའེ་གྲོང་ཁྱེར་གྱི་བདེ་ཐང་ཆེན་མོ་(ཟས་རིགས་)ཐོན་ལས་གླིང་དུ་སྐྱོད་སྐབས། ཁོར་ཡུག་ཏུ་ཟས་རིགས་ཀྱི་དྲི་ཞིམ་འཐུལ་བཞིན་ཡོད། ལྟ་སྐོར་ལམ་བུར་ཤེལ་སྒོའི་ནང་དུ་བལྟས་པ་ན། བཙོག་སེལ་ཐོན་སྐྱེད་བྱེད་སར་ཀུ་ཀྲི་བག་ལེབ་རིམ་པར་བསྒྲིགས་ཏེ་སྐྱེལ་འདྲེན་འཁོར་ལོ་བརྒྱུད་དལ་བུར་མདུན་དུ་སྐྱོད་བཞིན་ཡོད་པ་དང་། གདམ་གསེས་དང་། གྲང་བཟོ། སྒམ་འཇུག་བཅས་ཚར་རྗེས་ཕྱིར་ཚོང་དུ་སྒུག་བཞིན་ཡོད།

ཅི་ལིན་ཏ་ལི་ཟས་རིགས་ཚད་ཡོད་ཀུང་སིའི་ཟས་རིགས་བཟོ་གྲྭའི་རྣམ་པ།

ཅི་ལིན་ཏ་ལི་ཟས་རིགས་ཚད་ཡོད་ཀུང་སིའི་ཟས་རིགས་བཟོ་གྲྭའི་རྣམ་པ།

གསར་འགོད་པ་མཐོང་མ་ཐག་ཀུང་སིའི་རྒྱུན་ལས་བཟོ་གྲྭའི་བདག་པོ་ཧོང་ཅིན་པིན་གྱིས་གད་མོ་དགོད་བཞིན་དུ་“ཁྱེད་རང་ཡོང་བ་སྐབས་དང་ཁེལ་སོང་། དེ་རིང་ནི་ང་ཚོའི་བཟོ་གྲྭའི་ལོ་འཁོར་དུས་ཆེན་རེད་”ཅེས་དང་། “ང་ཚོ་2004ལོར་ཏེ་ཧུའེ་རུ་གཞི་ཚུགས་པ་ཡིན། ཐོན་སྐྱེད་ལས་གྲ་ཐོག་མ་8ནས་26བར་མང་དུ་ཕྱིན་པ་དང་། ལོ་རེའི་ཐོན་རིན་ཡང་ཐོག་མར་སྒོར་བྱེ་བ་5ལྷག་ནས་སྒོར་བྱེ་བ་12བར་འཕར་ཡོད་”ཅེས་ཟེར།

ཧོང་ཅིན་པིན་གྱིས། ལྷོ་ཤར་ཁུལ་ནས་ཡོང་བའི་ཁེ་ལས་ཤིག་གིས་ལོ་22རིང་བྱང་ཤར་དུ་རྩ་བ་ཚུགས་པའི་རྒྱུ་མཚན་ནི། ཏེ་ཧུའེ་ཡིས་“ཟས་རིགས་”ཀྱི་ལས་ཀ་འདི་རྫོང་ཁོངས་དཔལ་འབྱོར་གྱི་ལས་ཀ་ཆེན་པོ་ཞིག་ཏུ་བསྒྱུར་ཐུབ་པས་ཡིན་ཞེས་ཟེར།

བཟོ་གྲྭ་འདེམས་པའི་སྐོར་གླེང་སྐབས་ཧོང་ཅིན་པིན་གྱིས། “ས་ཆ་འདེམས་ས་ནོར་མི་འདུག་”ཅེས་དང་། ཁོང་གིས་བཟོ་གྲྭའི་ལྷོ་ཕྱོགས་ལེའོ་ཉིང་དང་། བྱང་ཕྱོགས་ཧེ་ལུང་ཅང་། ནུབ་ཕྱོགས་ནང་སོག་བཅས་གང་དུ་ཕྱིན་ཀྱང་ཟོག་འདྲེན་སྟབས་བདེ་པོ་ཡོད། ཏེ་ཧུའེ་ནི་ཞིང་ལས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པས་རྒྱུ་ཆ་འདང་ངེས་ཡོད། “སྒོ་ང་ཁོ་ནར་བལྟས་ནའང་ང་ཚོས་ལོ་རེར་ཏུན་8000ལྷག་གཏོང་གི་ཡོད། རྒྱུ་ཆ་རྣམས་ཧ་ཅང་སྤུས་དག་རེད་”ཅེས་དྲང་པོར་བཤད།

གྲོང་ཁྱེར་ཞིག་གིས་ཁེ་ལས་ཤིག་གི་ཡིད་དབང་འཕྲོག་ཐུབ་པ་ནི་ས་གནས་དང་རྒྱུ་ཆ་ཁོ་ནར་བརྟེན་པ་མ་ཡིན། གནས་ཚུལ་ཞིབ་ཆ་ཞིག་གིས་ཧོང་ཅིན་པིན་གྱི་སེམས་སུ་བག་ཆགས་ཟབ་མོ་བཞག “བཟོ་གྲྭའི་རྒྱབ་ཏུ་ལྕང་མ་བཏབ་ཡོད་པས་དུས་ཚིགས་འགར་ལྕང་སྲིན་མཁའ་ན་འཕྱོ་བ་དང་། ཟས་རིགས་བཟོ་གྲྭར་དེ་ནི་ཆེས་མི་འདོད་པ་ཞིག་རེད།”

ཧོང་ཅིན་པིན་གྱིས་“འདི་འདྲ་བྱས་ན་མི་འགྲིག་”ཅེས་བསམ་བློ་བཏང་ནས་གོང་འཕེལ་ཁུལ་ལ་ཁ་པར་བཏང་། ཕར་ཕྱོགས་ནས་“ངེས་པར་དུ་བཟོ་གྲྭའི་དཀའ་ངལ་ཐག་གཅོད་བྱེད་རྒྱུ་ཡིན་”ཞེས་ལན་བཏབ། དུས་ཚོད་རིང་པོ་མ་འགོར་བར་དཀའ་ངལ་སེལ་ཐུབ་པ་བྱུང་།

ཧོང་ཅིན་པིན་གྱིས། “དོན་དངོས་ཐོག་དེ་ནི་དོན་ཆུང་ཞིག་ཡིན་ཏེ། དེའི་ནང་ནས་ཚོང་གཉེར་ཁོར་ཡུག་གི་དྲོ་སྐྱིད་ཚོར་ཐུབ་”ཅེས་ཟེར། ལོ་22རིང་ཏ་ལིའི་ཐོན་སྐྱེད་ལས་གྲ་རྒྱ་བསྐྱེད་པ་ནི་ཏེ་ཧུའེ་ཡི་ཚོང་གཉེར་ཁོར་ཡུག་ལ་ཡིད་ཆེས་བྱེད་པའི་མཚོན་རྟགས་ཆེས་དྲང་མོ་དང་ཤུགས་ཆེ་ཤོས་དེ་རེད།

ཁེ་ལས་ལ་ཞབས་ཞུ་ལྷག་བསམ་རྣམ་དག་གིས་སྒྲུབ་ཆེད། ཐོན་ལས་གླིང་གི་ཏེ་ཧུའེ་ཀྲུའུ་ཁྲེང་ཙི་གྲོང་རྡལ་གྱིས་ས་གནས་ཀྱི་འགན་འཁྲི་བསྒྲུབས་ནས་“གཅིག་ལ་གཅིག་སྦྲེལ་”གྱི་འགན་ལེན་ལམ་སྲོལ་ལག་བསྟར་བྱས། གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པས་རྒྱུན་དུ་ཁེ་ལས་སུ་བསྐྱོད་དེ་“སྲིད་ཇུས་སྐྱེལ་མཁན་”གྱི་ནུས་པ་བཏོན། སྲིད་ཇུས་ཁག་བརྒྱུད་སྤྲོད་གནད་འཁེལ་བྱེད་པ་དང་། “གནས་ཚུལ་བསྡུ་མཁན་”ཞིག་བྱས་ཏེ་ཁེ་ལས་ཀྱི་དགོས་མཁོ་གནད་འཁེལ་དུ་བསྡུས། བཞུགས་མོལ་དང་ཁ་པར་བརྒྱུད་འབྲེལ་བ་བྱེད་པའི་ལམ་ཁ་དེ་བས་སྟབས་བདེར་བསྒྱུར་ཏེ། ཁེ་ལས་ཀྱི་དགོས་མཁོ་རེ་རེ་བཞིན་ལ་ལན་འདེབས་དང་ཐག་གཅོད་ཐུབ་པའི་འགན་ལེན་བྱས།

ཅི་ལིན་ཏེ་ཧུའེ་དཔལ་འབྱོར་གོང་འཕེལ་ཁུལ་དངུལ་གཏོང་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་ཅཱ་དབྱི་ཕུང་གིས། “ང་ཚོས་ད་དུང་གྲོས་མོལ་བྱེད་བཞིན་པའི་ཁེ་ལས་རྣམས་ས་གནས་སུ་གཞིས་ཆགས་ཆེད། ཆེད་མི་བཀོད་སྒྲིག་བྱས་ཏེ་སྲིད་ཇུས་ཀྱི་འདྲི་གཞིར་ལན་འདེབས་པའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་དང་། ལས་དོན་ཡོངས་རྫོགས་ཚབ་སྒྲུབ་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། ‘ས་ཚིགས་གཅིག་གི་ཞབས་ཞུ་’དོན་འཁྱོལ་བྱེད་པ་དང་། ཁེ་ལས་ཀྱི་ཐོབ་ཚོར་དང་ཡིད་ཚིམ་ཚད་ཆེ་རུ་འགྲོ་བར་བྱས་ཡོད་”ཅེས་ངོ་སྤྲོད་བྱས།

ཚོང་གཉེར་ཁོར་ཡུག་སྤུས་ལེགས་ཀྱིས་ཁེ་ལས་སྣེ་ཁྲིད་པ་མང་པོ་གསོ་སྐྱོང་བྱས་ཤིང་། དེ་དག་ནི་ཏེ་ཧུའེ་ཟས་རིགས་བཟོ་ལས་ཀྱི་རྨང་གཞིར་གྱུར་ཡོད། ད་ལྟ་ཏེ་ཧུའེ་ཡི་གྲོང་ཁྱེར་རིམ་པའི་ཁེ་ལས་སྣེ་ཁྲིད་པ་80ལྷག་ཏུ་འཕེལ་རྒྱས་བྱུང་ཡོད། ཅི་ལིན་ཏེ་ཤང་ཚོགས་པར་མཚོན་ན། ཁེ་ལས་ཀྱིས་བྱ་ཕྲུག་སྤུས་ལེགས་དང་། ཟས་རིགས་སྤུས་ལེགས། རང་འགུལ་ཅན་གྱི་ཚད་ལྡན་གསོ་ཚགས་བཅས་ལ་བརྟེན་ནས་ལྗང་མདོག་གི་“འབྲུ་སྟེར་བྱ་རིགས་”གསོ་སྐྱོང་བྱས་པས་ཐོན་རྫས་རྣམས་ཕྱོགས་ཁག་ཏུ་ཚོང་ལམ་རྒྱས། “ཏ་ལི་”གཅིག་གིས་རྒྱུ་ཆ་མཁོ་འདོན་དང་། སྒམ་འཇུག ཟོག་འདྲེན་བཅས་ཀྱི་གོང་འོག་ཁེ་ལས་མང་པོ་མཉམ་དུ་བསྡུས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ཟས་རིགས་བཟོ་ལས་དེ་“ཁ་ཐོར་”ནས་“འབྲེལ་མཐུད་”དང་། “ཚོགས་པ་”ནས་“ཐོན་ལས་མཉམ་འདུས་”བར་འཕེལ་རྒྱས་འགྲོ་བཞིན་ཡོད།

ཅི་ལིན་ཏེ་ཧུའེ་ཡི་གྲོང་ཁྱེར་དབུས་ཀྱི་ཐབ་ཚང་རྣམ་གྲངས་དཔེ་གསར། ཏེ་ཧུའེ་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའུ་ནས་མཁོ་འདོན་བྱས།

ཅི་ལིན་ཏེ་ཧུའེ་ཡི་གྲོང་ཁྱེར་དབུས་ཀྱི་ཐབ་ཚང་རྣམ་གྲངས་དཔེ་གསར། ཏེ་ཧུའེ་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའུ་ནས་མཁོ་འདོན་བྱས།

ཅཱ་དབྱི་ཕུང་གིས། “སྔོན་ཆད་བཤས་གཏོང་སྟངས་སྟབས་བདེ་དང་ཁ་ཐོར་ཡིན་པ་དང་། གཡོས་སྦྱོར་ཞིབ་ཚགས་ཉུང་བ། རྒྱུ་ཆ་ཁོ་ན་ཕྱིར་གཏོང་བྱེད་པས་མ་གནས་ཆེ་ཡང་རིན་ཐང་ཆུང་། ད་ལྟ་ང་ཚོའི་དམིགས་ཚད་ནི་རྒྱུ་ཆའི་‘དཀྱིལ་དབུས་ཐབ་ཚང’བསྐྲུན་རྒྱུ་དེ་ཡིན་”ཞེས་ངོ་སྤྲོད་བྱས། ཏེ་ཧུའེ་བདེ་ཐང་ཆེན་མོ་(ཟས་རིགས་)ཐོན་ལས་གླིང་ལ་བརྟེན་ནས། གྲོང་ཁྱེར་ཡོངས་ཀྱིས་ཟས་རིགས་བཟོ་སྐྲུན་དང་ཞིང་ལས་ཞོར་ཟས་རིགས་གཡོས་སྦྱོར་མཐའ་འཁོར་དུ་བྱས་ཏེ། རྣམ་གྲངས་གསར་པ་བཙུགས་པ་དང་། ཁེ་ལས་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པ། ཐོན་ལས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སྤུས་རྟགས་ལེགས་སྐྱོང་། ཚོང་ལམ་རྒྱ་སྐྱེད་བཅས་བྱས་ནས་“འབྲུ་རིགས་དང་ཟས་རིགས། ཞིང་ལས་དང་བཟོ་ལས། ཕྱུགས་ལས་དང་ཤ་རིགས་”ཀྱི་རིན་ཐང་འཕར་བའི་ལས་ཀ་གསུམ་དེ་བས་ལེགས་པར་སྒྲུབ་བཞིན་ཡོད།

ཟས་རིགས་གྲོང་ཁྱེར་གྲགས་ཅན་གྱི་རིན་ཐང་ནི་སྤུས་རྟགས་ཁོ་ན་མིན་པར་འབྲེལ་མཐུད་ཀྱི་ལས་རིམ་དེ་ཡིན། “གསེར་མདོག་གི་འབྲུ་མཛོད་”ནས་“ལྗང་མདོག་གི་ཐབ་ཚང་”བར་དུ། ཏེ་ཧུའེ་ཡིས་“ཟས་རིགས”ཀྱི་ལས་ཀ་འདི་སྔར་ལས་སྤུས་དག་ཏུ་གཏོང་བཞིན་ཡོད། ས་ནག་གི་ཞིང་ཁ་སྲུང་བཞིན་“དཀྱིལ་དབུས་ཐབ་ཚང་”གི་དུ་བ་ལང་ལོང་དུ་འཕྱུར་བ་དང་། དེས་ཀྱང་“ཏ་ལི་”ལྟ་བུའི་ཁེ་ལས་མང་པོ་ཞིག་རྩ་བ་དེ་བས་ཟབ་ཏུ་ཚུགས་ཐུབ་པར་བྱས་ཡོད།