འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་28ཉིན།

༄༅།།སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་བྱུང་བའི་རྒྱུ་རྐྱེན། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་28ཉིན། 14:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     བོད་ལྗོངས་སྐྱིད་གྲོང་དུ་འདམ་རྡོའི་ཆུ་རུད་བྱུང་བའི་རྒྱུ་རྐྱེན་རྩད་ཆོད་དོན། བལ་བོའི་མངའ་ཁོངས་ཀྱི་རི་མཐོའི་འཁྱགས་རྡིབ་ལས་བྱུང་བ་རེད།

     ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། བལ་བོའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་དང་འབྲེལ་གཏུག་ཆད་པའི་གནས་ཚུལ་བྱུང་ཡོད། རང་བྱུང་ཐོན་ཁུངས་པུའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་བསྟན་དོན། ད་ཐེངས་ཀྱི་གནོད་འཚེ་ནི་བལ་བོའི་ས་ཁོངས་ཀྱི་ས་མཐོའི་འཁྱགས་རོམ་གས་རྡིབ་བྱུང་བ་ཞིག་རེད།

     རིགས་གཅིག་མཁས་ཅན་གྱིས་འགྲེལ་བཤད་བརྒྱབ་དོན། འཁྱགས་རུད་མགྱོགས་པོར་ཐུར་དུ་ཤོར་བ་དང་། གྲོག་རོང་རྒྱུད་དུ་འཁྱགས་པའི་ཆག་རོམ་དུ་གྱུར་ཏེ་ལྟོང་ལིང་གཙང་པོར་བཞུར་ཏེ་འདམ་རྡོའི་ཆུ་རུད་ཆགས་ནས་སྐྱིད་གྲོང་འགག་སྒོ་ལ་བརྡབས་པ་དང་འབྲེལ་སྨད་རྒྱུད་ཀྱི་བལ་བོའི་ཕྱོགས་སུ་རྒྱུག་པ་རེད།

     “ད་ཐེངས་ཀྱི་གནོད་འཚེ་འབྱུང་རྐྱེན་ནི་འཁྱགས་རུད་ལས་བྱུང་བའི་ཆག་རོའི་ཆུ་རུད་རེད། ཞིབ་ཏུ་བརྗོད་ན། ས་མཐོའི་འཁྱགས་རུད་རི་ལྡེབས་ནས་ལྷུང་བ་དང་། མྱུར་ཚད་མགྱོགས་པས་གྲོག་ཤུར་ནང་གི་འཁྱགས་དངོས་ཚང་མ་བྲད་དེ་བཞུར་ཚད་མགྱོགས་པའི་ཆག་རོའི་ཆུ་རུད་དུ་གྱུར་བ་དང་། དེ་ནས་འདམ་རྡོའི་ཆུ་རུད་དུ་གྱུར་ཏེ་འགག་སྒོའི་སྒྲིག་བཀོད་དང་མངའ་ཁོངས་ཕྱི་ལ་བཞུར་བ་དང་། བལ་བོའི་ཕྱོགས་སུ་མུ་མཐུད་དུ་འགུལ་སྐྱོད་བྱས་ཡོད། ” ཀྲུང་གོ་རང་བྱུང་ཐོན་ཁུངས་མཁའ་འགྲུལ་དངོས་དཔྱད་རྒྱང་ཚོར་ལྟེ་གནས་ས་གཤིས་གནོད་འཚེ་བརྟག་དཔྱད་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའོ་ཀྲའོ་ཁྲེང་གིས་དེ་ནི་གཞི་རྩའི་གནོད་འཚེའི་གོ་རིམ་རེད་ཟེར།

     ཀུའོ་ཀྲའོ་ཁྲེང་གིས་ངོ་སྤྲོད་ལྟར་ན། གནས་ཚུལ་དེ་རིགས་སྔོན་ཆད་མཚོ་བོད་ས་མཐོའི་ས་ཁུལ་དུ་ཐོན་མྱོང་ཡོད་མོད། འོན་ཀྱང་ཐོན་ཚད་ཅུང་ཉུང་བ་རེད། བརྡབས་ཤུགས་ནི་འཁྱགས་མཚེའུ་རགས་ཁ་ཤོར་བ་ལས་ཆེ་བ་དང་ཤུགས་རྐྱེན་ཐེབས་པའི་བར་ཐག་དེ་བས་རིང་བ་ཡོད། ཚོད་རྩིས་བྱས་པར་གཞིགས་ན། སྐྱིད་གྲོང་འདམ་རྡོའི་ཆུ་རུད་ཀྱི་འཁྱགས་རུད་ཆག་རོ་དེ་སྐར་ཆ་རེར་སྨི་50ཙམ་འགུལ་སྐྱོད་བྱེད་ཀྱི་ཡོད་པ་དང་། མྱུར་ཚད་ཧ་ཅང་མགྱོགས་པས་མི་རྣམས་ལ་ཚོར་སྣང་བྱེད་པའི་དུས་ཚོད་མེད་པ་མ་ཟད། ཤུགས་རྐྱེན་ཐེབས་པའི་བར་ཐག་སྤྱི་ལེ་ཉི་ཤུ་ལྷག་ཙམ་ཟིན་ནས་གནོད་འཚེའི་གྱོང་གུན་ཧ་ཅང་ཚབས་ཆེན་བཟོས་ཡོད་པ་རེད། ཀུའོ་ཀྲའོ་ཁྲེང་གིས“དེར་བརྟེན། མཚོ་བོད་ས་མཐོའི་གནོད་འགོག་གནོད་འཕྲིའི་ལས་དོན་ཁྲོད་ང་ཚོས་མ་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བྱེད་པ་དང་། རྙོག་འཛིང་ཆེ་བའི་གནས་ཚུལ་དེ་དག་ལ་བསམ་གཞིགས་གང་ལེགས་བྱེད་དགོས”ཞེས་བཤད།