གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་27ཉིན། 14:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10:30ཙམ་ལ་བལ་ཡུལ་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བའི་རྐྱེན་གྱིས། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་། གར་སོང་ཆ་མེད་དུ་གྱུར་པའི་དོན་རྐྱེན་ཚབས་ཆེན་བྱུང་བ་རེད།
གནོད་འཚེ་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་ཐབས་བརྒྱ་ཇུས་སྟོང་གིས་འཚོལ་སྐྱོབ་བྱེད་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་བརྟག་དཔྱད་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། ཉེན་སེལ་གུད་སྐྱོབ་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་པ་རེད།
འཕྲལ་སྡོམ་དོ་དམ་པུའུ་ཡིས་གནོད་སེལ་ཐག་གཅོད་ལས་དོན་བཀོད་འདོམས་བྱས་ཏེ། ལས་དོན་ཚོགས་ཆུང་གནོད་འཚེ་བྱུང་ཡུལ་དངོས་སུ་མངགས་ནས་ཐག་གཅོད་རོགས་རམ་བྱས་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་མེ་ཟོན་འགོག་སེལ་རོགས་སྐྱོབ་རུ་ཁག་དང་ཀྲུང་གོའི་བདེ་འཇགས་ནུས་སྐྱོང་ཀུང་སི་དང་། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་སོགས་ལས་གྲྭའི་རོགས་སྐྱོབ་སྟོབས་ཤུགས་ཁག་སྒྲིག་ཆས་འཁྱེར་ཏེ་གནོད་འཚེ་བྱུང་ཁུལ་དངོས་སུ་རོགས་སྐྱོབ་བྱེད་པར་མངགས། "འཁོར་སྐར་འཕྲལ་གཏོང་"གློག་འཕྲིན་འགན་ལེན་དང་། "ཁབ་ལེན་འཚོལ་ཞིབ་པ་"གནམ་དཔྱད་འཚོལ་ཞིབ་སོགས་ཀྱི་སྒྲིག་ཆས་གནོད་ཁུལ་དུ་མངགས་ནས། ཡུལ་དངོས་ཀྱི་གློག་འཕྲིན་འགན་ལེན་དང་།
ཉེན་སེལ་གུད་སྐྱོབ་སོགས་པའི་ཐད་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱས། 《རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེ་ཐོལ་བྱུང་འཕྲལ་སྡོམ་ཀྱི་ཇུས་གཞི་》དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེ་རིམ་པ་གཉིས་པ་འཕྲལ་སྡོམ་དང་ལེན་བྱས།
རྒྱལ་ཁབ་ཀྱི་གནོད་འཚེ་སྔོན་འགོག་དང་ཉེན་སེལ་གུད་སྐྱོབ་ཨུ་ཡོན་ལྷན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རོགས་སྐྱོབ་འཕྲལ་སྡོམ་དང་ལེན་བྱས་པ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་མཛོད་ཉར་ཅུས་དང་མཉམ་དུ་གུར་དང་། བ་ཀ གྱོན་གོས་དང་ཉལ་ཆས། ལྟེབ་བརྩེགས་ཉལ་ཁྲི། རླན་འགོག་གདན་སོགས་ཀྲུང་དབྱང་གི་རོགས་སྐྱོབ་དངོས་རྫས་ཁག་ཁྲི་3བཏང་ནས། མང་ཚོགས་གནས་སྤོ་བཀོད་སྒྲིག་གནོད་སེལ་རོགས་སྐྱོབ་ཀྱི་རྒྱབ་སྐྱོར་བྱས་པ་རེད།
གནོད་འཚེ་བྱུང་རྗེས། རང་བྱུང་ཐོན་ཁུངས་པུའུ་ཡིས་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་རིམ་པ་གཉིས་པ་དང་འཕྲལ་སྡོམ་ས་ཁྲ་འཇལ་འགན་དང་ལེན་བྱས་པ་དང་། ཆེད་ལས་མཁས་པའི་ལས་དོན་ཚོགས་ཆུང་གནོད་ཡུལ་དངོས་སུ་མངགས་ཏེ། ཉེན་སེལ་རོགས་སྐྱོབ་དང་ས་གཤིས་ཀྱི་གནོད་འཚེ་འཕྲལ་སྡོམ་སྔོན་འགོག་གི་ལས་དོན་སྒྲུབ་རོགས་བྱས།
རང་བྱུང་ཐོན་ཁུངས་པུའུ་ཡིས་གྲོས་མོལ་བཀོད་འདོམས་ཀྱི་ཚོགས་འདུ་ཐེངས་ 2 འཚོགས་ཏེ། འཕྲལ་སྡོམ་གྱི་ཐག་གཅོད་ལས་དོན་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རང་བྱུང་ཐོན་ཁུངས་མ་ལག་གིས་ཉེན་ཁར་ཞིབ་འཇུག་དང་། གནོད་འཚེའི་མཇུག་འབྲས་སྔོན་འགོག ཉེ་འཁོར་གྱི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་དངོས་ཀྱི་ཉེན་སེལ་གུད་སྐྱོབ་ཐད་རྒྱབ་སྐྱོར་བྱེད་དགོས། ས་གཤིས་དང་འཕྲལ་སྡོམ་ས་ཁྲ་འཇལ་བའི་མཁས་པ་མང་པོ་མངགས་ཏེ། འབྲེལ་ཡོད་ལས་ཁུངས་ཀྱིས་གནོད་འཚེ་བྱུང་ཁུལ་གྱི་འཕྲལ་སྡོམ་ས་ཁྲ་འཇལ་བའི་གནས་ཚུལ་བསྡུ་ལེན་བྱེད་དགོས་
པ་དང་། ཆེད་མི་བཀོད་སྒྲིག་བྱས་ནས་གནོད་འཚེ་མ་བྱུང་གོང་དང་བྱུང་རྗེས་ཀྱི་རྒྱང་ཚོར་བརྙན་རིས་དང་། བསྡུར་རིས། དངོས་བརྙན་ཚད་གསུམ་གྱི་བསྡུར་རིས་དང་གནོད་ཁུལ་གྱི་ས་ཁྲ་བཟོས་ཏེ། ཡུལ་དངོས་ཀྱི་རོགས་སྐྱོབ་བཀོད་འདོམས་པུའུ་ལ་མཁོ་འདོན་བྱེད་དགོས།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་14:30ཙམ་ལ། ཆུ་བེད་པུའུ་ཡིས་ཆུ་དང་ཐན་པའི་གནོད་འཚེ་ཆེན་པོའི་དོན་རྐྱེན་བཀོད་འདོམས་བྱེད་ཐབས་བྱས་ཏེ། བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་གནོད་འཚེ་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་གྲོས་མོལ་དང་བཀོད་སྒྲིག་བྱས། ཆུ་བེད་པུའུ་ཡིས་ཆེད་དོན་གྲོས་མོལ་བྱས་ཏེ། བོད་ལྗོངས་སྐྱིད་གྲོང་རྫོང་དང་ཉེ་འཁོར་ས་ཁུལ་གྱི་ཆར་ཆུ་དང་། གངས་རིའི་མཚེའུའི་རྒྱ་ཁྱོན་གྱི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་པ་དང་། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། གནོད་ཁུལ་གཤམ་རྒྱུད་ཀྱི་མི་འབོར་ཁྱབ་ཚུལ་དང་འབྲེལ་ཡོད་ས་ཁུལ་གྱི་མངོན་མེད་ཉེན་ཁར་ཞིབ་འཇུག་བྱས་ཏེ། དབྱེ་ཞིབ་བྱས་འབྲས་དུས་ཐོག་ཏུ་བོད་རང་སྐྱོང་ལྗོངས་ཆུ་བེད་ལ་
མཉམ་སྤྱོད་བྱས་ཏེ། གནོད་འཚེ་འཕྲལ་སྡོམ་གྱི་ཐག་གཅོད་ལས་དོན་ཡག་པོར་སྒྲུབ་རྒྱུར་མཛུབ་ཁྲིད་བྱས།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་18:10ཙམ་ལ། ཀྲུང་གོའི་གནམ་གཤིས་ཅུས་ཀྱིས་གནམ་གཤིས་ཀྱི་གནོད་འཚེ་ཆེན་པོའི་( རྒྱ་མཚོའི་རླུང་འཚུབ་དང་། ཆར་ཆེན། རླུང་འཚུབ་ཆེན་པོ་)རིམ་གསུམ་འཕྲལ་སྡོམ་གྱི་ལས་དོན་དེ་རིམ་པ་གཉིས་པར་སྤར་ནས་དང་ལེན་བྱས། གནམ་གཤིས་སྡེ་ཁག་གིས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་མཉམ་འཐབ་མུ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱང་ཚོར་བརྙན་རིས་དང་གནམ་གཤིས་ལྟ་ཞིབ་ཀྱི་གཞི་གྲངས་སྤྱད་དེ། འདམ་རྡོའི་ཆུ་རུད་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་ཁུལ་ཉེ་འཁོར་གྱི་གནོད་འཚེའི་ཉེན་ཁར་བརྟག་དཔྱད་བྱེད་པ་དང་། གནམ་གཤིས་སྔོན་བརྡ་མུ་མཐུད་དུས་ཐོག་ཏུ་བསྒྱུར་ཏེ། ཉེན་སེལ་གུད་སྐྱོབ་ལ་ཞབས་ཞུ་ཧུར་ཐག་ཞུ་རྒྱུ་རེད།
རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་1འཕྲལ་མར་བཀོད་སྒྲིག་བྱས་ཏེ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་གནོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་གནོད་འཚེ་བྱུང་རྗེས་ཀྱི་འཕྲལ་སྡོམ་སླར་གསོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།
ནོར་སྲིད་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་འཕྲལ་མར་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.2བཏང་སྟེ། བོད་དུ་འཕྲལ་སྡོམ་ཉེན་སེལ་གུད་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་སྐྱོབ་བཅོས་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་དང་བཀོད་སྒྲིག ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་། གཏོར་སྐྱོན་བྱུང་བའི་སྡོད་ཁང་བཟོ་བཅོས་སོགས་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ཏེ། གནོད་འཚེའི་གྱོང་གུད་དང་མི་སྣ་ཤི་རྨས་ཉུང་དུ་གཏོང་བྱེད་དུ་བཀོད་སྒྲིག་བྱས།
ཀྲུང་ཧྭ་དགེ་རྩ་སྤྱི་ཁྱབ་ཚོགས་པས་འཕྲལ་སྡོམ་དོ་དམ་པུའུ་དང་། དམངས་སྲིད་
པུའུ་ཡི་མཛུབ་སྟོན་འོག འཕྲལ་མར་རོགས་སྐྱོབ་མ་དངུལ་སྒོར་ཁྲི་500བཏང་སྟེ། གནོད་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ལས་དོན་ལ་སྤྱད་པ་རེད།