འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་27ཉིན།

༄༅།།བོད་ཀྱི་ནོར་སྲིད་དངུལ་རྩ་སྡེ་ཁག་གིས་གནོད་སྐྱོབ་མ་དངུལ་དུས་ཐོག་ཏུ་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་27ཉིན། 11:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཟླ་8ཚེས་26ཉིན་ཤིན་ཧྭ་གསར་འགྱུར་ཁང་ལྷ་སའི་གློག་འཕྲིན། (གསར་འགོད་པ་ལིའུ་ཧུང་མིང་།) གསར་འགོད་པས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་མ་དངུལ་འགན་ལེན་གྱི་ "ལྗང་མདོག་རྒྱུ་ལམ" མགྱོགས་མྱུར་ངང་བཙུགས་ཏེ། ཐོག་མར་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྲུར་1.2བཏང་བ་དང་། དེའི་ཁར་རང་སྐྱོང་ལྗོངས་ཀྱིས་སྔོན་གཏོང་རོགས་དངུལ་སྒོར་ཁྲི་2000བསྣན་པས། ཟླ་ 8 ཚེས་ 26 ཉིན་གྱི་ཆུ་ཚོད་ 19 བར་དུ་བསྡོམས་པས་རང་བྱུང་གནོད་འཚེའི་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.4སྔོན་ལ་བཏང་ཟིན་པ་དེས་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ལ་མ་དངུལ་གྱི་འགན་ལེན་གང་ལེགས་བྱས་ཡོད།

དེ་དང་ཆབས་ཅིག རྒྱལ་མཛོད་བོད་རང་སྐྱོང་ལྗོངས་ཡན་ལག་མཛོད་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་དང་། གཞིས་ཀ་རྩེ་གྲོང་ཁྱེར། སྐྱིད་གྲོང་རྫོང་བཅས་རྒྱལ་མཛོད་རིམ་པ་གསུམ་གྱིས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ལམ་སྲོལ་དངོས་སུ་བསྟར་ཏེ། རྒྱལ་མཛོད་མ་དངུལ་སྒྱུར་གཏོང་གི་ "ལྗང་མདོག་རྒྱུ་ལམ" དུས་ཐོག་ཏུ་ཕྱེ་བ་དང་། དེ་དང་ཆབས་ཅིག་ནོར་སྲིད་དང་། མཛོད་ཁང་། དངུལ་ཁང་བཅས་ཀྱི་མཉམ་འཐབ་ལས་ཀའི་ལམ་སྲོལ་བཙུགས་ཏེ། 7×24ཆུ་ཚོད་ཀྱི་མ་དངུལ་སྒྱུར་གཏོང་གི་རྒྱབ་སྐྱོར་མཁོ་འདོན་བྱས་པས། "འབྱོར་མ་ཐག་ཞིབ་བཤེར་དང་། ཞིབ་བཤེར་བྱས་མ་ཐག་ལས་དོན་སྒྲུབ་པ"ཡི་རྩ་དོན་གཞིར་བཟུང་སྟེ། གནོད་སྐྱོབ་མ་དངུལ་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་གཏོང་ཐུབ་པའི་འགན་ལེན་བྱས། ཟླ་ 8 ཚེས་ 26 ཉིན་གྱི་ཆུ་ཚོད་ 20 བར་དུ། རྒྱལ་མཛོད་བོད་རང་སྐྱོང་ལྗོངས་ཡན་ལག་མཛོད་ཁང་གིས་རྒྱལ་མཛོད་གཞིས་ཀ་རྩེ་གྲོང་ཁྱེར་ལྟེ་བའི་ཡན་ལག་མཛོད་ཁང་ལ་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་30 བཏང་བ་དང་། རྒྱལ་མཛོད་གཞིས་ཀ་རྩེ་གྲོང་ཁྱེར་ལྟེ་བའི་ཡན་ལག་མཛོད་ཁང་གིས་རྒྱལ་མཛོད་སྐྱིད་གྲོང་རྫོང་གི་ཚབ་བྱེད་ཡན་ལག་མཛོད་ཁང་ལ་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་ 6 བཏང་ཡོད།

རྗེས་མར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནོར་སྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མ་དངུལ་གྱི་འགན་ལེན་ལས་དོན་ཁག་ལེགས་པར་སྒྲུབ་རྒྱུ་ཡིན། རྒྱལ་མཛོད་བོད་རང་སྐྱོང་ལྗོངས་ཡན་ལག་མཛོད་ཁང་གིས་རྒྱལ་མཛོད་གཞིས་ཀ་རྩེ་གྲོང་ཁྱེར་ལྟེ་བའི་ཡན་ལག་མཛོད་ཁང་དང་སྐྱིད་གྲོང་རྫོང་གི་ཚབ་བྱེད་ཡན་ལག་མཛོད་ཁང་ལ་ལས་དོན་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས། རྒྱལ་མཛོད་མ་དངུལ་སྒྱུར་གཏོང་གི་རྒྱུ་ལམ་འགག་མེད་ཡོང་བ་འགན་ལེན་བྱ་རྒྱུ་དང་། ནོར་སྲིད་སྡེ་ཁག་དང་འབྲེལ་བ་མཉམ་ལས་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ། གནོད་སྐྱོབ་ལས་དོན་ལ་རྒྱལ་མཛོད་ཀྱི་ཞབས་ཞུའི་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན།