——མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁྱིམ་ཚང་ལི་ཚའེ་ཞང་དང་ཟླ་བའི་སྐོར་བཀོད་པ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་23ཉིན། 10:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ད་ལོའི་ཟླ་དང་པོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཁག་བཅུ་གཉིས་པའི་དཔེ་སྟོན་ཚན་པའི་མིང་ཐོ་ཁྱབ་བསྒྲགས་བྱས། དེའི་ནང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་དོན་གཅོད་ཁྲུའུ(གཤམ་དུ“གདོང་དཀར་ཁྲོམ་གཞུང”ཞེས་བསྡུ་རྒྱུ)བདམས་ཐོན་བྱུང་བ་རེད།
གདོང་དཀར་ཁྲོམ་གཞུང་ཁོངས་གཏོགས་ཀྱི་སྡེ་ཁུལ་7དུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས། དབྱིས་རིགས་སོགས་མི་རིགས་24ཡི་མང་ཚོགས་ཁྲི་7.4ལྷག་ཙམ་ཡོད་པ་དང་། མིག་སྔར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁྱིམ་ཚང་58ཡོད། གདོང་དཀར་ཁྲོམ་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་དང་དམངས་འཚོའི་ཞབས་ཞུ་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། “མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”འདུ་ཤེས་དོན་ཐོག་ཏུ་འཁྱོལ་བར་བྱས་པས། བློ་ཁ་གཅིག་མཐུན་གྱིས་མཐུན་སྒྲིལ་བྱེད་པའི་དོན་ཆུང་མང་པོ་ལས། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་མཉམ་འདྲེས་དང་འཆམ་མཐུན་མཉམ་གནས་ཀྱི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་གླེང་བཞིན་ཡོད། རྒྱ་རིགས་ལི་ཚའེ་ཞང་དང་ཁོང་གི་བོད་རིགས་བཟའ་ཟླ་ཟླ་བ་གཉིས་ནི་ཡུལ་འདིའི་མི་རིགས་འཆམ་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ལེ་དབར་སྟོང་ཕྲག་བརྒལ་ནས་ལས་འབྲེལ་བྱུང་།
ཕན་ཚུན་བསྟུན་མཁས་ཀྱིས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆུང་ཆུང་སྐྱོང་བ།
“ལོ་བཅུ་གྲངས་ནང་ང་གཉིས་ཕན་ཚུན་བསམ་ཤེས་དང་རོགས་སྐྱོར་བྱས་ཏེ་སྤྱིར་བཏང་གི་འཚོ་བ་དེ་དྲོ་སྐྱིད་ལྡན་པ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད། ཁོང་གིས་ཁྱིམ་ཚང་འདིའི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་ཚོའི་བདེ་སྡོད་ཁུལ་ཆུང་གི་ཡུལ་མི་ཟླ་བས་འཛུམ་དམུལ་དམུལ་ངང་བཤད། ད་ལོ་ལོ་46ལ་སླེབས་པའི་ཟླ་བ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན་ཞིང་། བབ་ཆགས་ལ་གཤིས་ཀ་འཇམ་པ་དང་དོ་ནན་ལ་སེམས་པ་བཟང་པོ་ཞིག་ཡོད། ལོ་52ལ་སླེབས་པའི་བཟའ་ཟླ་ལི་ཚའེ་ཞང་ནི་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས་ཡིན་པ་དང་། ཁོང་ནི་ལས་ལ་བརྩོན་ཞིང་རང་ཚུགས་བརྟན་པ་དང་གཞུང་དྲང་ཞིང་དངོས་སྒྲུབ་དོན་གཉེར་བྱེད་པར་དགའ་བ་ཞིག་ཡོད།
ལི་ཚའེ་ཞང་དང་ཟླ་བའི་ཁྱིམ་དུ་སྐྱོད་སྐབས་ཁང་པའི་ནང་དཀར་ཆ་དོད་པ་དང་གཙང་སྦྲ་ལེགས་ལ་དྲོ་སྐྱིད་ལྡན་པ་ཞིག་ཡོད་ཅིང་། ཁྱིམ་གྱི་གང་ས་ནས་བག་ཕེབས་ཤིང་ལྷིང་འཇགས་པའི་རྣམ་པ་ཞིག་མངོན་བཞིན་འདུག 2006ལོར་བཀོད་སྒྲིག་སྲིད་ཇུས་ལ་བརྟེན་ནས་ཟླ་བའི་ཁྱིམ་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ནས་གདོང་དཀར་གྲོང་ཚོའི་བདེ་སྡོད་ཁུལ་ཆུང་དུ་སྤོས་པ་རེད། 2008ལོར་ལི་ཚའེ་ཞང་ལན་ཀྲོའུ་ནས་སྟོད་ལུང་བདེ་ཆེན་ཆུས་སུ་ལས་མིར་ཡོང་བ་དང་ཏག་ཏག་ཟླ་བའི་གཅེན་མོའི་ལས་རོགས་སུ་གྱུར། དེ་ཡང་གཅེན་མོས་ངོ་སྤྲོད་བྱས་པ་བརྒྱུད། ཁོང་གཉིས་ངོ་ཤེས་པ་མ་ཟད། 2009ལོར་དངོས་སུ་དགའ་རོགས་ཆགས། “དུས་ཚོད་ངེས་ཅན་ཞིག་གཤིབས་རྗེས། ཁོང་གིས་ང་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་འཆང་བཞིན་ཡོད་པ་ཚོར་བྱུང”ཞེས་བཤད།
ལེ་དབར་སྟོང་ཕྲག་བརྒལ་ནས་བྱུང་བའི་ལས་འབྲེལ་དེར་གཅེས་འཛིན་བྱ་ཆེད། ཟླ་བ་ལན་ཀྲོའུ་རུ་ལི་ཚའེ་ཞང་གི་ནང་མིར་ལྟ་བར་ཐེངས་མང་བསྐྱོད་པས། གཡོ་ཟོལ་མེད་ཅིང་སེམས་པ་བཟང་བའི་ཟླ་བར་ལི་ཚའེ་ཞང་གི་ནང་མི་ཚང་མའི་ཁས་ལེན་ཐོབ་ཡོད། དེས་ན་ཁོང་ཚོའི་བཀྲ་ཤིས་སྨོན་འདུན་བཟང་པོའི་འོག 2010ལོའི་ལོ་འགོར་ཁོང་གཉིས་གཉེན་སྒྲིག་ཐོ་འགོད་བྱས་པ་དང་། ལི་ཚའེ་ཞང་གིས་སྟོད་ལུང་བདེ་ཆེན་ཆུས་སུ་རྦད་དེ་གཞིས་ཆགས་ནས་སྡོད་རྒྱུའི་སེམས་ཐག་བཅད།
ཡུལ་གོམས་གཤིས་ལུགས་དང་འཚོ་བའི་གོམས་གཤིས་མི་འདྲ་བའི་དབང་གིས་ཁོང་གཉིས་གཉེན་སྒྲིག་བྱས་རྗེས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་མོད། འོན་ཀྱང་ལོ་བཅུ་ལྷག་ཙམ་རིང་བཟའ་ཚོ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསྟུན་མཁས་བྱས་པས་། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སེམས་ཐག་ཇེ་ཉེར་ཕྱིན་ཞིང་། ཡུལ་གོམས་གཤིས་ལུགས་སོགས་མི་འདྲ་བའི་རྐྱེན་གྱིས་ཕན་ཚུན་རླུང་བསྟན་མྱོང་མེད་ལ་འགལ་ཟླ་ཡང་བྱུང་མྱོང་མེད། དུས་རྒྱུན་གོ་བརྡ་སྔར་བས་ལེགས་པ་སྤྲོད་ཐུབ་ཆེད། ལི་ཚའེ་ཞང་གིས་རང་འགུལ་ངང་བོད་སྐད་སྦྱངས་ནས་བཟའ་ཟླའི་འཚོ་བའི་ནང་དེ་བས་མཉམ་འདྲེས་ཡོང་ཐབས་བྱེད་ཀྱི་ཡོད།
སྲི་ཞུ་ཧུར་ཐག་བསྒྲུབས་ནས་ཁྱིམ་ཚང་བསྐྱངས།
འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་པ།
འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པ་ཞིག་ཡོང་ཆེད། 2020ལོར་ལི་ཚའེ་ཞང་གིས་གདོང་དཀར་སྡེ་ཁུལ་གདོང་དཀར་སྐྱེལ་འདྲེན་རླངས་འཁོར་རུ་ཁག་ནང་ཞུགས་ནས་ལྷ་སའི་ཉེ་འཁོར་དུ་བྱེ་རྡོ་དང་ཨར་ལས་རྒྱུ་ཆ་སྐྱེལ་འདྲེན་བྱེད་བཞིན་ཡོད། ལས་ཀ་དེར་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཧུར་ཐག་འབད་ཐག་དང་འཁང་ར་སྤུ་ཙམ་མེད་པའི་སྒོ་ནས་ཁྱིམ་གྱི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་བར་འབད། ཁོང་ནི་ཁྱིམ་ཚང་དེའི་དངོས་དངོས་རྗེན་རྗེན་གྱི་ཀ་བ་ལྟ་བུར་གྱུར་ཡོད་པ་རེད།
ལི་ཚའེ་ཞང་ཕྱི་ཕྱོགས་སུ་ལས་ཀར་འགྲོ་སྐབས་ཟླ་བས་ནང་ལས་དང་རྒན་རྒོན་ལ་ལྟ་རྟོག་བྱེད་ཀྱི་ཡོད། ཟླ་བའི་ཨ་མར་ནད་ཕོག་ནས་འཚོ་བ་རང་མགོ་ཐོན་གྱི་མེད་པས་ཉིན་མཚན་མེད་པར་ཆེད་མངགས་ལྟ་སྐྱོང་བྱེད་མཁན་དགོས་ཀྱི་ཡོད། ཨ་མར་ལྟ་རྟོག་བྱ་ཆེད། ཟླ་བས་རང་འགུལ་ངང་ཕྱིར་ལས་མིར་སྐྱོད་པའི་གོ་སྐབས་དོར་ནས་ཁྱིམ་དུ་བསྡད་དེ་ནང་ལས་བྱེད་ཀྱིན་ཨ་མའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ཞིབ་ཚགས་བྱས་ཏེ་རྒན་རྒོན་ལ་སེམས་གསོ་གཏོང་བཞིན་ཡོད་པ་རེད།
“ཕ་ཡུལ་ལན་ཀྲོའུ་རུ་ཡོད་པའི་ངའི་གཅེན་པོ་དང་གཅེན་མོས་ཨ་མར་རེས་མོས་བྱས་ནས་ལྟ་རྟོག་བྱེད་ཀྱི་ཡོད། དཔྱིད་གསར་དུས་ཆེན་སྐབས་གཞི་ནས་ནང་དུ་ལོག་སྟེ་ངས་ཁོང་གི་འཁྲིས་སུ་སྲི་ཞུ་བསྒྲུབས་མ་ཐུབ་པའི་བློ་ཕམ་ཆུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད”ཅེས་ཨ་མའི་སྐོར་གླེང་སྐབས་ལི་ཚའེ་ཞང་གིས་སེམས་འགུལ་ཐེབས་བཞིན་འདི་ལྟར་བཤད། ཁོང་གིས“ང་ཚོ་ཁོང་གི་འཁྲིས་སུ་མེད་ཀྱང་ཟླ་བས་རྟག་ཏུ་ཁ་པར་དང་བརྙན་ལམ་བརྒྱུད་ཁོང་ལ་འཚམས་འདྲི་བྱེད་པ་དང་ཁོང་གི་སྐུ་གཟུགས་ལ་སེམས་ཁུར་བྱེད་ཀྱི་ཡོད། ངའི་ཨ་མའི་སེམས་ནང་ཟླ་བ་ནི་རང་ཉིད་ཀྱི་བུ་མོ་ལྟར་ཧ་ཅང་སྙིང་ཉེ་པོ་ཡོད”ཅེས་བཤད།
ལོ་བཅུ་གྲངས་ཁ་ཤས་འདས་རྗེས་། དེང་གི་ཆར་བདེ་སྡོད་ཁང་པར་ཐོག་མར་སྤོས་ཡོང་བའི་སྐབས་ཀྱི་ཁྱིམ་ཆས་སྟབས་བདེ་ཞིག་ལས་མེད་པ་ནས་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བ་དང་འཚོ་བའི་ཡོང་ཁུངས་བརྟན་པོ་ཡོད་པའི་བར་འགྱུར་ལྡོག་བྱུང་ཞིང་། ལི་ཚའེ་ཞང་དང་ཟླ་བས་གདོང་དཀར་སྡེ་ཁུལ་འཕེལ་རྒྱས་ཀྱི་གོ་སྐབས་སྤྱད་དེ་རང་ཉིད་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་བཏང་ཡོད་པ་རེད།
འབད་འབུངས་བྱས་ནས་བདེ་སྐྱིད་ལམ་བུ་བཏོད།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་ནས་དྲི་ཞིམ་ཕྱོགས་བཞིར་འཐུལ་བ།
ཁྱིམ་སྲོལ་བཟང་བ་དང་མི་སེམས་དྲོ་བར་བྱེད་པའི་དགེ་ལས་ལས་ལི་ཚའེ་ཞང་དང་ཟླ་བའི་སྤྱིར་བཏང་གི་ཁྱིམ་ཚང་ལ་བདེ་སྐྱིད་ཕུན་སུམ་ཚོགས་པོ་བྱུང་ཞིང་། 2016ལོ་ནས་2018ལོ་བར་ཁོང་ཚོ་ལོ་གསུམ་བསྟུད་མར་སྟོད་ལུང་བདེ་ཆེན་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁྱིམ་ཚང་ལ་བདམས་པ་དང་། 2023ལོར་སླར་ཡང་སྟོད་ལུང་བདེ་ཆེན་ཆུས་ཀྱི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་མཚན་སྙན་ཡང་ཐོབ་པ་རེད།
ལོ་བཅུ་ལྷག་ཙམ་ཕན་ཚུན་གཤིབས་པ་བརྒྱུད་ལི་ཚའེ་ཞང་དང་ཟླ་བས་ཕན་ཚུན་དབར་བསམ་ཤེས་ཀྱིས་འཚོ་བའི་ཐད་ཀྱི་མ་མཐུན་པའི་ཆ་བསལ་བ་དང་། འབད་འཐབ་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་དོན་གཉེར་བྱས་པ། སེམས་བཟང་ལ་བརྟེན་ནས་ཁྱིམ་མཚེས་ལ་དྲོ་སྐྱིད་སྦྱིན་པ་སོགས་ཀྱི་བབ་ཆགས་པའི་བྱ་སྤྱོད་ལས་རྒྱ་བོད་མི་རིགས་སེམས་པ་གཅིག་ཏུ་སྒྲིལ་བ་དང་མཐུན་སྒྲིལ་འཆམ་མཐུན་གྱི་དོན་སྙིང་ལ་འགྲེལ་བཤད་བརྒྱབ་ཡོད། ལི་ཚའེ་ཞང་གིས་སླད་ཕྱིན་ང་གཉིས་ཀྱིས་མུ་མཐུད་སྟོད་ལུང་བདེ་ཆེན་ཆུས་སུ་བསྡད་ནས་ཁྱིམ་ཆུང་སྲུང་བ་དང་ཁྱིམ་མཚེས་ལ་དྲོ་སྐྱིད་སྟེར་བ་དང་། འབད་འབུངས་དགེ་བརྩོན་གྱི་ཁྱིམ་སྲོལ་ལ་བརྟེན་པ་དང་རོགས་རེས་མཛའ་གྲོགས་ཀྱི་བསམ་བློ་བཅངས་ཏེ། གཞི་རིམ་གྱི་ཁྲོམ་གཞུང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་ནས་དྲི་ཞིམ་ཕྱོགས་བཞིར་འཐུལ་བ་བྱེད་ཀྱི་ཡིན་ཞེས་བཤད།
སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་དྲིལ་བསྒྲགས་འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན་བདེ་སྐྱིད་གཡང་འཛོམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་གདོང་དཀར་ཁྲོམ་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དེ་དམངས་འཚོའི་འདུ་འགོད་གཙོ་བོར་བརྩིས་ནས་སྐུལ་འདེད་ཏན་ཏིག་བཏང་བ་དང་། “ཁྱུང་ཆེན་པོས་ནམ་འཕང་ཁྲི་གཅོད”ཅེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་པ། “སྡེ་ཁུལ་རེ་ལ་ཐབས་ཇུས་རེའི”བྱེད་སྟངས་ཁྱབ་གདལ་བཏང་བ། “བྱེད་ནུས་བདུན་ལྡན་གྱི་སྡེ་ཁུལ”བསྐྲུན་པ། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་རྒྱལ་སྲུང་སློབ་གསོའི་རྟེན་གཞི་བསྐྲུན་པ། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འཐབ་ས་56བསྐྲུན་ཡོད། དེས་ན“ཁ་འབྲལ་ཐབས་མེད་པ་གསུམ”དང“མཉམ་མྱོང་བཞིའི”འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་གཞི་རིམ་དུ་གཞི་ཚུགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཞིང་། མིག་སྔར་ཁོངས་གཏོགས་ཁུལ་གྱི་སྤྱི་པའི་ཞབས་ཞུར་མང་ཚོགས་བློ་ཡིད་ཚིམ་ཚད་97%ཟིན་པ་དང་གནད་སྨིན་དྲོ་སྐྱིད་ལྡན་པའི་གཞི་རིམ་གྱི་ཞབས་ཞུ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང)