འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་17ཉིན།

༄༅།།བྱིས་པས་སྔུར་བ་འཐེན་པར་དོགས་ཟོན་བྱོས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་17ཉིན། 15:16】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

བྱིས་པས་སྔུར་བ་འཐེན་པ་ནི་གཉིད་ལེགས་པའི་རྟགས་གཏན་ནས་མིན།

ཕ་མ་མང་པོས་བྱིས་པས་གཉིད་དུ་སྔུར་བ་འཐེན་པ་ནི་གཉིད་ཀྱི་སྤུས་ཀ་ལེགས་པའི་རྟགས་ཤིག་ཡིན་པར་འདོད། འོན་ཀྱང་སྨན་པས་དྲན་སྐུལ་བྱས་དོན། བྱིས་པས་ཡུན་རིང་པོར་སྔུར་བ་འཐེན་པ་ནི་ཕལ་ཆེར་རྨེན་འདྲའི་གཟུགས་དང་གྲེ་བའི་རྨེན་བུ་སྐྲངས་པ་སོགས་ཀྱི་ནད་རྟགས་ཡིན་པས། དུས་ཐོག་ཏུ་བརྟག་དཔྱད་བྱེད་དགོས།

“སྔུར་བ་འཐེན་པ་ནི་གཉིད་ལེགས་པའི་རྟགས་ཡིན་”ཞེས་པ་ནི་ཕ་མ་ཚོའི་ཁྲོད་དུ་རྒྱུན་མཐོང་གི་བྱིས་པ་གཉོར་སྐྱོང་གི་ནོར་འཁྲུལ་ཞིག་རེད། བྱིས་པས་སྐབས་རེར་སྔུར་བ་འཐེན་པ་ནི་ཕལ་ཆེར་གཉིད་ཀྱི་བཟོ་ལྟ་སོགས་གནས་སྐབས་ཀྱི་རྒྱུ་རྐྱེན་ལས་བྱུང་བ་ཡིན་པས་ཧ་ཅང་སེམས་ཁྲལ་བྱེད་མི་དགོས། འོན་ཀྱང་གལ་ཏེ་བྱིས་པས་མཚན་མོར་སྔུར་བ་མང་དུ་འཐེན་ཚེ་ཕ་མ་ཚོས་ངེས་པར་དུ་དོགས་ཟོན་བྱས་ཏེ་དུས་ཐོག་ཏུ་ནད་རྐྱེན་བརྟག་དགོས།

བྱིས་པས་སྔུར་བ་འཐེན་པ་དེས་གཟུགས་ཚད་དང་། རིག་སྟོབས། གདོང་རུས་ལ་ཤུགས་རྐྱེན་ཐེབས་སྲིད།

སྨན་པས་དྲན་སྐུལ་བྱས་དོན། བྱིས་པས་ཡུན་རིང་ལ་སྔུར་བ་འཐེན་པའི་རྒྱབ་ཏུ་མཚན་མོར་ཡང་ཡང་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་འཕྲད་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཡོད།

གཉིད་སྐབས་དབུགས་འབྱིན་རྔུབ་མི་འདང་བ་དང་དབྱང་རླུང་གིས་མི་འདང་བ་ཡིས་བྱིས་པའི་གཟུགས་ཚད་འཕེལ་རྒྱས་ལ་འགོར་འགྱངས་ཐེབས་པ་དང་། དོ་སྣང་བྱེད་ནུས་དང་སློབ་སྦྱོང་གི་ནུས་པར་ཤུགས་རྐྱེན་ཐེབས་པར་མ་ཟད། གདོང་རུས་ཀྱི་དབྱིབས་ཀྱང་འགྱུར་ནས་“རྨེན་འདྲའི་གཟུགས་ཀྱི་གདོང་དབྱིབས་”)ཆགས་སྲིད།

རྨེན་འདྲའི་གཟུགས་དང་གྲེ་བའི་རྨེན་བུ་སྐྲངས་པས་དབུགས་ལམ་འགག་པ་དེས་བྱིས་པ་གཉིད་པའི་སྐབས་སུ་ཡང་ཡང་དབུགས་འགག་པ་དང་། དབུགས་འབྱིན་རྔུབ་མི་འདང་བར་བྱེད་པ་དང་། མཚན་མོར་རྒྱུན་མཐུད་དུ་དབུགས་འབྱིན་རྔུབ་མི་འདང་བའི་རྐྱེན་གྱིས་བྱིས་པའི་མཚན་མོའི་འཚར་ལོངས་སྐུལ་རྩི་ཟགས་ཐོན་བྱེད་པར་ཐད་ཀར་བར་ཆད་བཟོས་ཏེ། གཟུགས་ཚད་དང་ཟུངས་ནུས་སོགས་རྒྱུན་ལྡན་གྱི་འཚར་ལོངས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད།

མཁས་པས་བསྟན་དོན། གཉིད་ཉལ་བའི་སྐབས་སུ་དབྱང་རླུང་མི་འདང་བ་ཡིས་བྱིས་པའི་རྒྱུན་གཏན་གྱི་དོ་སྣང་བྱེད་ནུས་ཀྱང་ཞན་དུ་འགྲོ་རུ་འཇུག་སྲིད། ཁ་གདངས་ནས་དབུགས་འབྱིན་རྔུབ་བྱེད་པ་ནི་དབུགས་ལམ་ལ་ཡང་ཡང་འགོས་ནད་ཕོག་སླ་བ་དང་། ཆམ་པ་ཕོག་སླ་བས་བྱིས་པའི་རིམས་ཐར་ནུས་པར་ཤུགས་རྐྱེན་ཐེབས་སྲིད།

གཞན་ཡང་། ཡུན་རིང་པོར་ཁ་གདངས་ནས་དབུགས་འབྱིན་རྔུབ་བྱེད་པ་ནི་གདོང་རུས་འཚར་བར་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད། བྱིས་པའི་གདོང་རུས་ནི་འགྱུར་ལྡོག་འགྲོ་སླ་བས། ཡུན་རིང་ལ་དབུགས་འབྱིན་རྔུབ་ཀྱི་ཐབས་ལམ་ནོར་བ་དེས་རུས་པ་རྒྱུན་ལྡན་མིན་པར་འཚར་འཇུག་སྟེ། དཔེ་མཚོན་ཅན་གྱི་“རྨེན་འདྲའི་གཟུགས་གདོང་དབྱིབས་”ཆགས་སྲིད།

སྨན་པས་དྲན་སྐུལ་བྱས་དོན། ཕ་མ་ཚོས་ནམ་རྒྱུན་བྱིས་པའི་དབུགས་འབྱིན་རྔུབ་ཀྱི་གོམས་གཤིས་དང་གཉིད་ཀྱི་རྣམ་པར་དོ་སྣང་བྱེད་དགོས། གལ་ཏེ་རྒྱུན་མཐུད་དུ་སྔུར་བ་འཐེན་པ་དང་། ཁ་གདངས་ནས་དབུགས་འབྱིན་རྔུབ་

བྱེད་པ། སྣ་འགག་པ་སོགས་ཀྱི་རྒྱུན་ལྡན་མིན་པའི་རྣམ་པ་མཐོང་ཚེ། དུས་ཐོག་ཏུ་སྨན་ཁང་གི་རྣ་མགྲིན་སྣ་གསུམ་གྱི་སྡེ་ཁག་ཏུ་སོང་ནས་ཆེད་ལས་ཀྱི་བརྟག་དཔྱད་བྱེད་དགོས།