གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་06ཉིན། 15:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་8པའི་ཚེས་3ཉིན་གི་དགོང་མོར། ཡུན་ནན་ཞིང་ཆེན་ནན་ཧྭ་རྫོང་གི་ལུང་ཆོན་ལམ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། དགོད་སྒྲ་དང་གླུ་དབྱངས་ཀྱིས་ཁེངས། ནན་ཧྭ་རི་སྐྱེས་ཤ་མོའི་བཟའ་བཅའི་རིག་གནས་དུས་སྟོན་སྐབས་23པར་མང་ཚོགས་དང་ཡུལ་སྐོར་བས་མཉམ་དུ་“ཨ་སུའུ་ཙེ་”ཞེས་པའི་ཞབས་བྲོ་འཁྲབ་པའི་བྱེད་སྒོ་དུས་ཐོག་ཏུ་སྤེལ་བ་དང་། སྲང་ལམ་ཡོངས་འུར་ཟིང་ཆེ་བའི་ཕྱི་རོལ་གར་སྟེགས་ཤིག་ཏུ་གྱུར།
རང་ལོ་10ལ་སོན་པའི་ཆི་ཞའོ་ཆི་ནི་དབྱི་རིགས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་རྒྱན་གོས་གྱོན་ཏེ་བྱིས་པའི་གདོང་ལས་དགའ་ཚོར་དང་ཅུང་ཙམ་འཚབ་སྣང་བྱུང་བའི་རྣམ་པ་མངོན། དབྱར་ཁའི་མཚན་མོའི་སྤྲོ་སྐྱིད་འདིའི་ཁྲོད་དུ་མོ་ནི་ལྟད་མོ་བ་ཙམ་མ་ཡིན་པར། སྟེགས་བུའི་ཐོག་ཏུ་ཞབས་བྲོ་འཁྲབ་མཁན་ཆུང་ཆུང་ཞིག་རེད།

རང་ལོ་51ལ་སོན་པའི་ཆི་ཀུའེ་དབྱིང་གིས་འཛུམ་མདངས་དང་བཅས་ཏེ་མོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་དུ་“ཤོག་དང་། ཚེར་སྣང་མི་བྱེད་ཅིག་”ཅེས་བརྗོད། ཕ་མེས་ཀྱི་ཐོབ་ཐང་ལྟར་ན། ཆི་ཞའོ་ཆི་ཡིས་མོར་“སྲིང་མོ་གཞོན་པ་” ཞེས་འབོད་དགོས་པ་དང་། སྤུན་མཆེད་ཀྱི་སྲིང་མོ་འདི་ནི་“ཨ་སུའུ་ཙེའི་གླུ་གར་” ཞེས་པའི་ཁྲུའུ་ཞུང་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད།
ཡུལ་སྐོར་བ་མང་པོས་འགྲོ་མཚམས་བཞག་སྟེ་“ཨ་སུའུ་ཙེའི་གླུ་གར་”ཟེར་བ་དེ་ཅི་འདྲ་ཡིན་ནམ་སྙམ་བཞིན་ཡོད།
“ ‘ཨ་སུའུ་ཙེ’ནི་དབྱི་སྐད་ཡིན་ལ། དེའི་དོན་ནི་མང་ཚོགས་མཉམ་འཛོམས་དང་དགའ་སྤྲོ་མཉམ་རོལ་བྱེད་པར་ཟེར།” ཆི་ཀུའེ་དབྱིང་གིས་ངོ་སྤྲོད་བྱས་པ་ལྟར་ན། “ ‘ཨ་སུའུ་ཙེའི་གླུ་གར་’གྱི་ཚིག་ནི་ཚིགས་བཅད་བདུན་མ་སྟེ་ཚིག་རྐང་གཉིས་རེ་ཚན་པ་རེ་ཡིན་ཞིང་། ཚན་པ་རེ་རེའི་མཇུག་ཏུ་‘ཨ་སུའུ་ཙེ་’ཞེས་སྦྱོར་དགོས། དེ་ནི་མི་གཉིས་ཀྱིས་གླུ་ལེན་པ་དང་ཚིག་ལན་འདེབས་པ། དེ་བཞིན་ཅོང་ཆེན་བརྡུང་བ། མཉམ་དུ་གླུ་ལེན་པ་སོགས་དབྱི་རིགས་ཀྱི་སྲོལ་རྒྱུན་གླུ་གར་གྱི་རྣམ་པ་མང་པོ་འདུས་ཡོད།”
དེའི་གླུ་དབྱངས་ནི་ཞིང་ལས་དང་འཚོ་བའི་ཁྲོད་ནས་བྱུང་བ་ཡིན་པས་སྟབས་བདེ་ཞིང་འཚོ་བར་ཉེ་བ་དང་། སེམས་ཁམས་ལྷོད་ལ་འབབ་པར་བྱེད་པ་མ་ཟད། མི་ཚོགས་མཉམ་འཛོམས་ཀྱི་དགའ་སྟོན་ལ་ཧ་ཅང་འཚམ་པོ་ཡོད། 2013ལོར། “ཨ་སུའུ་ཙེའི་གླུ་གར་”དེ་ཡུན་ནན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཐོ་གཞུང་དུ་ཚུད།
ཆི་ཀུའེ་དབྱིང་གིས་ཆུང་དུས་ནས་ཨ་མ་དང་རྨོ་བོ་ལགས་འགྲམ་ནས་“ཨ་སུའུ་ཙེ”སྦྱངས། དུས་ཆེན་རེ་རེར་གར་སྟབས་སྦྱོང་པའི་སྐབས། མོ་ནི་རྟག་པར་རུ་ཁག་གི་མདུན་དུ་ལངས་ཏེ་གར་སྟབས་ལད་མོ་དང་གདངས་དབྱངས་སེམས་ལ་ངེས་པར་བྱས། དབྱངས་རྟ་དང་། གདངས་མཚམས། གོམ་འགྲོས་བཅས་ནི་སྔ་མོ་ནས་མོའི་འཚོ་བའི་ནང་ཟབ་མོར་འཇགས་ཡོད། ལོ་མང་པོའི་རིང་ལ། མོས་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་རིག་གནས་ཡུལ་སྐོར་འཁྲབ་སྟོན་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་པ་དང་། ཅོང་འཁུར་ནས་རུ་ཁག་ཁྲིད་དེ་གར་སྟབས་བསྒྱུར་བས་རི་ཁུག་ཏུ་གནས་པའི་དབྱི་རིགས་ཀྱི་དམངས་ཁྲོད་གླུ་གར་དེ་ས་གནས་ལས་བརྒལ་ཏེ་མང་ཚོགས་ཀྱི་མདུན་དུ་སྐྱེལ།
གདངས་དབྱངས་སྙན་པའི་རོལ་མོ་གྲགས་པ་དང་བསྟུན་ནས། ཆི་ཀུའེ་དབྱིང་གིས་གར་སྟེགས་ཐོག་ཞབས་བྲོ་འཁྲབ་འགོ་ཚུགས། ཆི་ཞའོ་ཆི་ཡིས་མོའི་རྗེས་སུ་འབྲངས་ཏེ་ལད་མོ་བྱེད་བཞིན་ཞབས་བྲོ་འཁྲབ་པ་དང་། སྟངས་སྟབས་དེ་དག་ནང་བྱིས་པའི་ལྷད་མེད་མངོན་ཡོང་ནའང་། རྣམ་འགྱུར་ནི་ཧ་ཅང་གཟབ་ནན་ཅན་ཞིག་སྟེ། ལུས་ཀྱི་སྟངས་སྟབས་རེ་རེ་བཞིན་ཧ་ཅང་གནད་དུ་སྨིན་པའི་རྣམ་པ་ཞིག་མངོན།

ཁྱིམ་མིའི་མིག་ལམ་དུ། ཆི་ཞའོ་ཆི་ནི་“ཨ་སུའུ་ཙེ” ལ་དགའ་བའི་བྱིས་པ་ཞིག་རེད། སློབ་སྦྱོང་བྱས་ཚར་རྗེས་མོས་ནང་མི་རྣམས་ལ་རང་ཉིད་ཆི་ཀུའེ་དབྱིང་གི་སློབ་མར་གཏོང་རོགས་ཞེས་ཐེངས་མང་ཤོད་གིན་ཡོད། ཐེངས་འདིའི་འཁྲབ་སྟོན་དུ། དགེ་སློབ་གཉིས་ཀྱིས་ཉིན་མང་པོར་སྦྱོང་བརྡར་བྱས། སྦྱོང་བརྡར་བྱེད་པའི་རིང་ལ། རྒན་རྒོན་ཁ་ཤས་ཀྱིས་གར་སྟབས་བྲོ་རྩལ་མ་དྲན་སྐབས། བུ་མོ་ཆུང་ཆུང་ཆི་ཞའོ་ཆི་ཡིས་རོགས་ཆུང་གི་འགན་བླངས་ཏེ་ངང་རྒྱུད་རིང་པོས་སློབ་ཁྲིད་བྱེད་ཀྱིན་ཡོད།
ཡུལ་སྐོར་བ་དང་ས་གནས་མི་དམངས་ཀྱིས་གླུ་དབྱངས་དང་བསྟུན་ནས་མཉམ་དུ་ཞབས་བྲོ་འཁྲབ་པ་དང་། མི་ཚོགས་ནི་འབྲུག་དབྱིབས་བཞིན་རིང་དུ་བརྐྱངས་ཡོད། ཆི་ཞའོ་ཆི་ཡིས་རྗེས་ཀྱི་མི་ཚོགས་ལ་བལྟས་ནས་“སྲིང་མོ་གཞོན་པ། ཁྱེད་ཀྱིས་ལྟོས་དང་། ཡུལ་སྐོར་བ་མང་པོས་ང་ཚོ་དང་མཉམ་དུ་ཞབས་བྲོ་འཁྲབ་ཀྱིན་འདུག” ཅེས་དགའ་ཚོར་ཆེན་པོས་བཤད།
མང་ཚོགས་མཉམ་དུ་དགའ་སྤྲོར་རོལ་བའི་རྣམ་པ་དེར་བལྟས་ནས་ཆི་ཀུའེ་དབྱིང་གི་སེམས་ནང་བདེ་སྐྱིད་ཀྱིས་ཁེངས། ཉེ་བའི་ལོ་འགའི་རིང་ལ། ནན་ཧྭ་རྫོང་གིས་“ཨ་སུའུ་ཙེའི་གླུ་གར་”སློབ་གཉེར་ཁང་བཙུགས་ཤིང་། རྒྱུན་འཛིན་པར་སློབ་མ་བསྡུ་བ་དང་ཁྱབ་གདལ་གཏོང་བར་དངུལ་རྩ་སྤྲད། ཆི་ཀུའེ་དབྱིང་གིས་སློབ་གྲྭར་སོང་སྟེ་སྤྱི་ཕན་གྱི་སློབ་ཚན་ཁྲིད་པ་དང་། གུང་གསེང་གི་སྐབས་སུ་རིན་མེད་སློབ་ཁྲིད་འཛིན་གྲྭ་གཉེར་ཏེ། མི་དེ་བས་མང་པོས་མངོན་མིན་རིག་གནས་ཤེས་པ་དང་དགའ་པོ་བྱེད་པར་སྐུལ་འདེད་བཏང་།

“གཅིག་གིས་འཁྲབ་ན་སྤྲོ་བ་ཙམ་ཡིན། མང་པོས་མཉམ་དུ་འཁྲབ་པར་རྒྱུན་འཛིན་ཟེར། ཆི་ཀུའེ་དབྱིང་གི་བབ་ཆགས་པའི་སྐད་ཆ་དེས་མངོན་མིན་རིག་གནས་རྒྱུན་འཛིན་གྱི་དོན་སྙིང་བསྟན།
མཚན་མོ་ཇེ་ཕྱིར་ཕྱིན་པ་དང་། མཚོན་མོ་བསིལ་རླུང་ལྡང་བའི་དུས་ཟང་ཟིང་དང་འདུ་འཛིའི་རྣམ་པ་རིམ་བཞིན་ལྷིང་འཇགས་སུ་སོང་།
གར་འགྲོས་མཚམས་ཆད་པ་དང་། ཟང་ཟིང་ཡང་ཡལ་བར་གྱུར། ཆི་ཀུའེ་དབྱིང་གིས་ཆི་ཞའོ་ཆིའི་ལག་པ་ནས་འཇུས་ཏེ་དལ་བུར་མདུན་དུ་བསྐྱོད། ལམ་སྒྲོན་གྱི་འོད་མདངས་སེར་པོ་ས་ལ་འཕྲོས་པས། མི་གཉིས་ཀྱི་གཟུགས་བརྙན་རིང་ཐུང་གཉིས་ལམ་ངོས་སུ་དལ་གྱིས་རིང་དུ་བསྲིངས་ཤིང་། དེ་ནི་ཧ་ཅང་བབ་ཆགས་ཤིང་དང་སེམས་ལ་བབས་པ་ཞིག་རེད།
ཆི་ཞའོ་ཆིས་མགྲིན་པ་བཏེགས་ཏེ་སྐད་ཆུང་ངུས་“སྲིང་མོ་གཞོན་པ། ང་ཅུང་ཟད་ལྟོགས་བྱུང་” ཞེས་བཤད།
ཆི་ཀུའེ་དབྱིང་གིས་“འགྲོ། ང་ཚོ་ཟ་མ་བཟའ་བར་འགྲོ་”ཞེས་ལན་བཏབ། མོས་གོམ་འགྲོས་མགྱོགས་སུ་བཏང་ནས། མི་ཚོགས་ཀྱིས་ཁེངས་པའི་མཚན་ཁྲོམ་གྱི་ཕྱོགས་སུ་བསྐྱོད།
