འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་6ཉིན།

ན་ནིང་སྒོར་ཁྲི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད་བརྒྱ་ཆ་4.5ཆག་པ།

༄༅།།ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་བྱེད་ནུས་ཆེ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་06ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་ཀྱི་ཆུ་སྤྱོད་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5944.5དང་། སྒོར་ཁྲི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི(ལོ་དེའི་རིན་གོང)ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་42.4 སྒོར་ཁྲི་རེའི་བཟོ་ལས་ཀྱི་རིན་ཐང་འཕར་མའི(ལོ་དེའི་རིན་གོང)ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་22.9ཟིན་པ་དེ་2024ལོ་ལས་4.5%དང་7.2%སོ་སོར་ཆག་ཡོད་པ་རེད། རང་རྒྱལ་གྱི་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ཀྱི་ནུས་པ་ཆེ་རུ་རྒྱུན་མཐུད་ཕྱིན་པ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་གི་གྲུབ་ཆ་དེ་བས་ལེགས་སུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་ཐེབས་ཡོད།

     2025ལོར། ཆུ་བེད་པུས་འབྲེལ་ཡོད་སྡེ་ཚན་དང་ས་གནས་དང་མཉམ་དུ་ཆུའི་ཐོན་ཁུངས་ཀྱི་བཙན་ཞིང་ནན་པའི་གཅུན་འདོམས་ལམ་ལུགས་དང《ཆུ་གྲོན་ཆུང་གི་སྲོལ་ཡིག》དོན་འཁྱོལ་བྱས་ཏེ། ཆུ་གྲོན་ཆུང་ལམ་ལུགས་ཀྱི་སྲིད་ཇུས་མ་ལག་བཙུགས་པ་དང་། ས་ཁུལ་20ལ་རིགས་དབྱེ་ནས་ཆུའི་སྔོན་རྩིས་དོ་དམ་གྱི་ཚོད་ལྟའི་ལས་དོན་སྤེལ་བར་སྤྱི་འདོམས་སྐུལ་འདེད་བཏང་བ། ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་22ཀྱིས་རང་བརྟེན་ངང་ཞིང་ཆེན་རིམ་པའི་ཚོད་ལྟའི་ལས་དོན་ཁག་56སྤེལ་ཡོད། ཆུ་གྲོན་ཆུང་གི་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཆུ་གྲོན་ཆུང་གི་སྔོན་ཐོན་དང་། གནད་སྨིན། གོ་ཆོད་བཅས་ཀྱི་ལག་རྩལ་སྒྲིག་ཆས་ཁག་382དང་། ཆུ་གྲོན་ཆུང་ཁྱབ་ཁོངས་ཀྱི་གནད་སྨིན་དང་གོ་ཆོད་པའི་ཆུ་བེད་ཚན་རྩལ་གྲུབ་འབྲས་ཁག་11ཁྱབ་བསྒྲགས་བྱས་པ་དང་། ཆུ་ནུས་མཚོན་རྟགས་ཐོན་རྫས་ལ་རིགས་6དང་བཟོ་དབྱིབས་ཁྲི་11ཡོད་པ། ཆུ་གྲོན་ཆུང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གཞི་ཁྱོན་སྒོར་དུང་ཕྱུར་8000ལྷག་ཙམ་ཟིན་ཡོད་པ་རེད།