“གཙང་སེལ་བྱ་སྤྱོད། 2026ལོར”དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་06ཉིན། 10:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་3པ་ནས་ཟླ་5པ་བར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་10དང་མཉམ་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“གཙང་སེལ་བྱ་སྤྱོད། 2026ལོ”ཡི་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་ཞིང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་དང་མ་མཐུན་པའི་ཉོ་ཚོང་གི་མངོན་གསལ་དོད་པའི་གནད་དོན་དང་། གཙོ་གནད་སྐྱེ་དངོས་རིགས་དང་། གཙོ་གནད་ས་ཁོངས། གཙོ་གནད་ལྷུ་ཚིགས་བཅས་ལ་དམིགས་ནས། ཁྲིམས་སྒྱུར་རྡུང་རྡེག་དང་། འབྱུང་རྩར་སྐོར་ཞིབ། ཁྲོམ་ར་བཅོས་སྒྲིག དྲ་རྒྱ་གཙང་བཤེར། སྦྲག་སྐུར་ལྟ་འདོམས། བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བཅས་གཅིག་སྡུད་སྤེལ་བས། ཆེད་དོན་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད།
བྱ་སྤྱོད་སྤེལ་རིང་ཁྲིམས་སྒྱུར་ལས་དོན་པ་མི་ཐེངས་ཁྲི་105ལྷག་ཙམ་གྱིས་ས་ཆ་ཁྲི་50ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྱོད་གཞི་6300ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། ཉེས་གསོག་ཚོགས་པ་400ལྷག་ཙམ་མེད་པར་བཟོས་པ་དང་ཁྲིམས་འགལ་བ་7000ལྷག་ཙམ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
བྱ་སྤྱོད་སྤེལ་རིང་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལས་འགལ་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་ལ་བརྟེན་ནས། ནགས་ལས་དང་རྩྭ་ཐང་དང་། ཞིང་ལས་གྲོང་གསེབ། དྲ་འཕྲིན། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། འགག་སྒོ ཁྲོམ་ར་ལྟ་འདོམས། སྦྲག་སྲིད་དོ་དམ་སོགས་སྡེ་ཚན་དང་སྔར་བས་མཐུན་སྦྱོར་མཉམ་འགུལ་བྱས་པ་རེད། རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་དང་། དུས་བྱ་གནས་སྤོའི་བགྲོད་ལམ། མི་ཐབས་གསོ་སྤེལ་ར་བ། མེ་ཏོག་དང་འདབ་ཆགས་ཞིང་ཟོག་ཁྲོམ་ར། ཟ་ཁང་། དྲ་རྒྱའི་ལས་སྟེགས། སྦྲག་སྐུར་དྲ་ཚིགས། འགག་སྒོ་དང་མཚོ་འགྲམ་དང་མཐའ་མཚམས་ས་ཁུལ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ནས་གཅིག་སྡུད་གྲལ་བཤེར་དང་མཉམ་འབྲེལ་ཁྲིམས་སྒྱུར་བྱས་པ་དང་། ཁྲིམས་ལས་འགལ་ཏེ་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་བཟོས་རྫས་འཚོལ་བསྡུ་དང་། ཉོ་སྒྲུབ། སྐྱེལ་འདྲེན། ཕྱིར་ཚོང་བྱེད་པའི་གྱོད་གཞི་ཁག་གཅིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
ད་ཐེངས་ཀྱི་བྱ་སྤྱོད་སྤེལ་རིང“ཚོགས་པ་དང་། སྦྲེལ་ཐག དྲ་རྒྱ་བཅས་ལ་རྡུང་རྡེག་གཏོང་རྒྱུ”མཐའ་འཁྱོངས་ཀྱིས་དྲ་རྒྱའི་ཁྲིམས་འགལ་ཉོ་ཚོང་མངོན་མེད་ཅན་དང་སྒེར་ཁོངས་ཅན་གྱི་འཕེལ་ཕྱོགས་ལ་དམིགས་ནས་ས་གནས་ཁག་གིས་དྲ་ཐོག་སྐོར་ཞིབ་དང་། ཁུངས་སྣེ་ཞིབ་འཇུག་བརྡར་གཅོད། དྲ་ཕྱིའི་ཞིབ་བཤེར་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་། དྲ་རྒྱའི་ལས་སྟེགས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱས་པ། ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་གཙང་སེལ་བཅས་བྱས་ཏེ། དྲ་ཐོག་དང་དྲ་ཕྱིའི་གདུབ་ཟུམ་བཅོས་སྒྲིག་ལམ་སྲོལ་ཆགས་པར་སྐུལ་འདེད་བཏང་ཡོད། སྦྲག་སྐུར་སྐྱེལ་འདྲེན་དང་འགག་སྒོ་ནས་ཕྱིར་གཏོང་ནང་འདྲེན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་ཉེན་ཁ་ཚོད་འཛིན་དང་མཉམ་འབྲེལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་སྦྲག་སྐུར་ཁེ་ལས་དང་། སྐྱེལ་འདྲེན་ཁེ་ལས། གཉེར་སྐྱོང་བྱེད་པོ་བཅས་ཀྱི་འགན་འཁྲི་མུ་མཐུད་ནན་དུ་བཏང་སྟེ་ཁྲིམས་དང་མི་མཐུན་པའི་ཉོ་ཚོང་གི་འཁོར་འབྲེལ་མེད་པར་བཟོས་པ་རེད།