འཚོལ་བཤེར།   
藏文频道
2026ལོའི་ཟླ་7ཚེས་17ཉིན།

༄༅།།མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ཐད་གྲུབ་འབྲས་ཡག་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 07ཚེས་17ཉིན། 10:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྐྲུན་དགོས་པའི་འགན་འཁྲི་གལ་ཆེན་བསྩལ་ཏེ་ལོ་ལྔ་སོང་རིང་། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། གནས་ཚད་མཐོ་པོས་ཇུས་འགོད་བྱེད་པ། བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ། ཞིང་ལས་དང་གྲོང་གསེབ་པུས་ནུས་སྒྲིལ་སྤྱི་འདོམས་དང་གནད་སྨིན་མཐུན་རྐྱེན་སྦྱོར་བ། ཞིང་ཆེན་དང་པུའུ་ཡིས་བློ་སེམས་གཅིག་མཐུན་ངང་ལྗང་མདོག་འཕེལ་རྒྱས་དང་། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག” ཚན་རྩལ་གསར་གཏོད་སོགས་འདེགས་སྐྱོར་མ་ལག་ཆེན་པོ་བདུན་གཏོད་པ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དེ་སྲོལ་རྒྱུན་གྱི་རགས་ལས་ནས་ལྗང་མདོག་སྐྱེ་ལྡན་གྱི་དེང་རབས་ཅན་ལ་ཕྱོགས་སྒྱུར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། 2021ལོ་ནས་ད་བར་རིམ་རྩིས་བརྒྱབ་ན་ཞིང་ཆེན་ཡོངས་ཀྱི་དུད་ཚང་ཁྲི་64.9ཡི་ཞིང་འབྲོག་པ་ཁྲི་171ལ་ཡོང་འབབ་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

     ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱིས་ཐོན་སྐྱེད་མཁོ་སྤྲོད་དང་། ལས་སྣོན་ཞིབ་ཚགས། སྤུས་རྟགས་རིན་ཐང་བཅས“འཁོར་འབྲེལ་གསུམ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར”མཐའ་འཁྱོངས་བྱས་ནས“ཁྱད་ཆོས་ཆུང་ངུ”ནས“ཐོན་ལས་ཆེ་མོར”འགྱུར་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་བས་ཞིང་འབྲོག་ཐོན་ཟོག་གཙོ་བོ་ལས་སྣོན་གཞན་སྒྱུར་བྱེད་ཚད་65.1%ཟིན་པ་དེ་2021ལོ་ལས་བརྒྱ་ཆའི་གྲངས་4.1མཐོ་རུ་ཕྱིན་ཡོད། “གྲང་མོ་གཉིས”ཀྱི་ཐོན་ལས་གློ་བུར་དུ་དར་རྒྱས་ཕྱིན་པ་དང་། ད་ལོའི་ཟླ་དང་པོ་ནས་ལྔ་པ་བར་གྱི་གྲང་བསིལ་སྔོ་ཚལ་ཕྱིར་གཏོང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཀུའེ་ཙུན་ཉའི་ཕྱིར་གཏོང་རིན་ཐང་གིས་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ཐོན་རྫས་ཀྱི་99.2%ཡན་བཟུང་ནས་ཕྱིར་གཏོང་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།

     མིག་སྔར་མཚོ་སྔོན་དུ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ལས་ཐོན་རྫས་ཆེ་ཤོས་དང་། སྐྱེ་ལྡན་འདྲེ་ཚེར་མ། གྲང་ཆུའི་ཉའི་ཐོན་སྐྱེད་རྟེན་གཞི་བཅས་བསྐྲུན་ཟིན་ནས་རྒྱལ་ཡོངས་ཀྱི་བེད་སྤྱོད་ཆོག་པའི་རང་བྱུང་རྩྭ་ཐང་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་བྱེད་ཚད་ཁྱོན་ཡོངས་ལ་ཁྱབ་པའི་ཞིང་ཆེན་དང་པོར་གྱུར་ཏེ་ལྟ་ཞིབ་ཚད་ལེན་བྱེད་ཁྱོན་མུའུ་དུང་ཕྱུར་4.5(སྤྱི་ཆིང་དུང་ཕྱུར་0.3)ཟིན་པ་དང་། འབྲོག་ལས་དེ་གྲངས་འབོར་དང་གཞི་ཁྱོན་མང་བ་ནས་སྤུས་ཚད་དང་ཕན་འབྲས་ལེགས་པའི་ཕྱོགས་སུ་འགྱུར་མགྱོགས་སུ་ཕྱིན་ཡོད།