འཚོལ་བཤེར།   
藏文频道
2026ལོའི་ཟླ་7ཚེས་9ཉིན།

ཀྲུང་གོ་ལན་ཐུང་བོད་ལྗོངས་ཡན་ལག་ཀུང་སིའི་འཕྲིན་གཏོང་ལྟེ་བའི་ཐོག་ཁང་གཉིས་པའི་ལེབ་སྒྲོམ་གྱི་རྩིག་རྨང་ལ་ལུགས་བརྒྱབ་ཟིན་པ།

༄༅།།“ཤར་གྲངས་ནུབ་རྩིས”ཀྱི་ལྷ་སའི་སྦྲེལ་ཚིགས་འཛུགས་སྐྲུན་ལ་ འགག་རྩའི་རང་བཞིན་གྱི་ཚད་བརྒལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 07ཚེས་09ཉིན། 10:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་6ཉིན། ཀྲུང་གོ་ལན་ཐུང་བོད་ལྗོངས་ཡན་ལག་ཀུང་སིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པ་ཚོགས་པས་སྐྲུན་འགན་འཁུར་བའི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་འཕྲིན་གཏོང་ལྟེ་བའི་ཐོག་ཁང་གཉིས་པའི་ལེབ་སྒྲོམ་གྱི་རྩིག་རྨང་ལ་ལུགས་བདེ་བླག་ངང་བརྒྱབ་ཟིན་པ་དེ་ལས“ཤར་གྲངས་ནུབ་རྩིས”ཀྱི་ལྷ་སའི་སྦྲེལ་ཚིགས་འཛུགས་སྐྲུན་ཐད་འགག་རྩའི་གོམ་པ་ཞིག་སྤོས་པ་མཚོན་ཞིང་། དེས་རྣམ་གྲངས་ཀྱི་གྲུབ་ཆ་གཙོ་བོའི་ཐོག་འགེབས་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ནི་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྣེའུ་མཐོ་གསར་ཁུལ་བཅས་རིམ་པ་གསུམ་གྱི་གཙོ་གནད་གྲངས་འཛིན་གྱི་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་ཞིག་ཡིན་ཞིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.14ཙམ་ཟིན་པ་དང་། ཆན་ཝ་13.3ཟིན་པའི་སྟུག་ཆེའི་རིག་ནུས་རྩིས་སྒྲོམ་526འཆར་འགོད་བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་འཐབ་ཇུས་དོན་འཁྱོལ་དང་། བོད་ཀྱི“རྩིས་ནུས་ཇོ་མོ་གླང་མའི”བྱ་སྤྱོད་འཆར་གཞིར་ཞབས་འདེགས་ཞུ་བའི་འགག་རྩའི་བཀོད་ཇུས་ཤིག་ཡིན་པའི་ངོས་ནས། རྣམ་གྲངས་བསྐྲུན་ཟིན་རྗེས་བོད་ཀྱི་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་གྲངས་འཛིན་ཅན་དང་། རིག་ལྡན་རིག་གནས་ཡུལ་སྐོར། འཁྱགས་རོམ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན། བོད་ལུགས་གསོ་རིག་གི་AIཞིབ་སྤེལ་སོགས་ཀྱི་ཁྱད་ལྡན་བཀོལ་སྤྱོད་རྣམ་པར་ཀུན་ཕན་རྩིས་ནུས་ཀྱི་ཞབས་འདེགས་ཞུས་ནས། “ཤར་གྲངས་ནུབ་རྩིས”ཀྱི་ནུབ་རྒྱུད་ཀྱི་སྦྲེལ་ཚིགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།