གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་03ཉིན། 14:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། སྡོད་ཁང་འཛུགས་སྐྲུན་པུའི་པུའུ་ཀྲང་གཞོན་པ་ཆིན་ཧའེ་ཞང་གིས། སྲོལ་རྒྱུན་གྲོང་ཚོ་དང་སྲོལ་རྒྱུན་སྐྲུན་དངོས་སྲུང་སྐྱོང་བེད་སྤྱོད་ཀྱི་འབྲེལ་ཡོད་ཚད་གཞི་དང་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲུང་སྐྱོང་དང་། བསྐྱར་གསོ། ཉམས་གསོ། གསར་བརྗེས། བེད་སྤྱོད་གང་ལེགས་སོགས་ཐད་ཀྱི་ལག་རྩལ་གྱི་ཚད་གཞི་ཞིབ་ཚགས་སུ་གཏོང་བ། ཕྱོགས་རེ་ཅན་དང་སྟབས་བདེ་ཅན་གྱི་བཀོལ་སྤྱོད་སྔོན་འགོག་བཅས་བྱས་ཏེ། སྤུས་ཚད་དེ་བས་མཐོན་པོས་སྲོལ་རྒྱུན་གྲོང་ཚོ་དང་སྲོལ་རྒྱུན་སྐྲུན་དངོས་སྲུང་སྐྱོང་བེད་སྤྱོད་ལ་ལག་རྩལ་གྱི་འདེགས་སྐྱོར་བྱེད་དགོས་ཞེས་བརྗོད་པ་རེད།
མིག་སྔའི་བར། རང་རྒྱལ་གྱི་གྲོང་ཚོ་8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་དང་འབྲེལ་མིང་སྦྱར་སྲུང་སྐྱོང་བྱས་པ་དང་། གྲོང་ཚོ་5000ལྷག་ཙམ་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ཡོད། 2026ལོ་ནས་2028ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ཏེ། རྨང་གཞིའི་ཆ་རྐྱེན་ལེགས་པ་དང་། ཧུར་བརྩོན་རང་བཞིན་ཆེ་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རྫོང(གྲོང་ཁྱེར་དང་། ཆུས ཆི་བཅས་ལ་གཤམ་དུ་རྫོང་ཞེས་གཅིག་གྱུར་བརྗོད་རྒྱུ)ཁག་གཅིག་ལ་རྒྱབ་སྐྱོར་བྱས་ནས་དེ་མཚུངས་ཀྱི་བརྗོད་དོན་གཙོ་བོའི་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལས་དོན་སྤེལ་ཏེ་ཕུལ་བྱུང་གི་རྒྱལ་ཁབ་རིམ་པའི་རིག་གནས་མིང་བྱང་རབ་དང་རིམ་པ་གཏོད་རྒྱུ་རེད།
ཚེས་28ཉིན། ཀྲུང་གོའི་གྲོང་ཁྱེར་འཆར་འགོད་སློབ་ཚོགས་ཀྱི་སྲོལ་རྒྱུན་གྲོང་ཚོ་དང་སྲོལ་རྒྱུན་སྐྲུན་དངོས་སྲུང་སྐྱོང་ཡན་ལག་ཚོགས་པ་པེ་ཅིང་དུ་བཙུགས་ཤིང་། ཆིན་ཧའེ་ཞང་ཚོགས་པ་བཙུགས་པའི་ཚོགས་ཆེན་ལ་ཞུགས་སྐབས། ས་གནས་ཁག་གིས་རང་རྒྱལ་གྱི་སྲོལ་རྒྱུན་གྲོང་ཚོ་དང་སྲོལ་རྒྱུན་སྐྲུན་དངོས་འཛུགས་སྐྲུན་གྱི་འདུ་ཤེས་དང་བྱེད་ཐབས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱེད་པ་དང་། སྲུང་སྐྱོང་དང་། ཉམས་གསོ། བེད་སྤྱོད་བཅས་ཀྱི་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་བློ་གྲོས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་ཞེས་བརྗོད་པ་རེད།