འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་18ཉིན།

༄༅།།དུས་རབས་གསར་པའི“རི་མཚོའི་བརྩེ་སེམས”ཀྱི་ལེའུ་བརྩམས་པ།

—— ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ཀྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་18ཉིན། 16:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཡུས་ཅིང་ཤན། ཏེང་ཅན་ཡང་།

ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་སྤེལ་གཏོང་བར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། 1996ལོར་ཏང་ཀྲུང་དབྱང་གིས་ཤར་རྒྱུད་མཚོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ནུབ་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་ལ་རོགས་སྐྱོར་བཀོད་སྒྲིག་བྱས་ཚུན། ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་བྱས་ནས་ལོ་30སོང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ནི་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་རོགས་རམ་བྱེད་པ་དང་མཐར་ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་མངོན་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས”ཞེས་མཛུབ་སྟོན་གནང་ཡོད།

ཤར་རྒྱུད་ཞིང་ཆེན(ཐད་སྐྱོང་གྲོང་ཁྱེར)8དང་། ནུབ་རྒྱུད་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)10རི་མཚོ་གཅིག་ལ་གཅིག་བརྟེན་དང་ལག་གདང་སྦྲེལ་ནས་གཉིས་ཕན་ཡོང་བར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག“རི་མཚོའི་བརྩེ་སེམས”མཚོན་པའི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད།

གྲོང་རྡལ་ཆུང་ངུའི་འཕོ་འགྱུར་ནས།

ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཆེ་རུ་འགྲོ་ཚུལ་ལ་རིམ་བཞིན་འགྱུར་ལྡོག་བྱུང་བར་བལྟ་བ།

ཟླ་6པའི་ཧོ་ལན་རི་གཤམ་དུ“འོད་ཤུགས་རྒྱ་མཚོ”སྔོ་ཐིང་ངེར་གནས་པ་དང་རླུང་འཁོར་གྱི་སྒྲོ་གཤོག་དལ་བུར་འཁོར་བཞིན་ཡོད།

ཆན་ཝ་ཁྲི་2000ཟིན་པ་ནི་ཉིང་ཞས་དུས་ཡུན་རིང་འབྲིང་གི་ཧྥུའུ་ཅན་ལ་ལྗང་གློག་ཕྱིར་གཏོང་གི་སྤྱིའི་ཕྱིར་གཏོང་ནུས་པ་ཐོག་མར་མངོན་འགྱུར་བྱུང་བ་ཞིག་རེད། ནུབ་རྒྱུད་ཀྱི་རླུང་འོད་ཐོན་ཁུངས་དེ་ཧྥུའུ་ཅན་དང་ཉིང་ཞ་ས་གནས་གཉིས་ཀྱི་ལས་རིགས་སྟོང་དང་ཁེ་ལས་བརྒྱ་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།

ཧྥུའུ་ཅན་དང་ཉིང་ཞས་མཉམ་ལས་བྱས་ནས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ལ་བཀྲག་མདངས་འཚེར་བའི་ལེའུ་ཞིག་བརྩམས་ཡོད།

1996ལོར་ཏང་ཀྲུང་དབྱང་གིས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་འཐབ་ཇུས་བཀོད་སྒྲིག་བྱས་ནས་ཧྥུའུ་ཅན་དང་ཉིང་ཞ་དབར་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་རིང་། ཧྥུའུ་ཅན་དང་ཉིང་ཞའི་རོགས་ལས་ལ་སྐུ་ངོ་མས་ཇུས་འགོད་གནང་བ་དང་། སྐུ་ངོ་མས་བཀོད་སྒྲིག་གནང་བ། སྐུ་ངོ་མས་སྐུལ་འདེད་བཏང་གནང་ཡོད།

“རྩེ་རིམ་ཇུས་འགོད་དང་། གཞི་རིམ་འཚོལ་ཞིབ། རྒྱུན་མཐུད་སྐུལ་འདེད”ཟུང་དུ་འབྲེལ་བ་དང“སྲིད་གཞུང་གི་གཙོ་ཁྲིད་དང་། ཁྲོམ་རའི་སྐུལ་འདེད། སྤྱི་ཚོགས་མཐུན་སྦྱོར”ཟུང་དུ་འབྲེལ་བའི་བགྲང་བྱ་སུམ་ཅུའི་རིང་འབད་འབུངས་ཡར་བརྩོན་བྱས་ཏེ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ཀྱི་དཔེ་མཚོན་དུ་བརྩིས་ནས་ཧྥུའུ་ཅན་དང་ཉིང་ཞའི་རོགས་ལས་དེ་རི་མཚོ་བརྒལ་ནས་རྒྱུན་ཆད་མེད་པར་རིམ་སྤོར་བྱས་ཡོད།

མིན་ཉིང་གྲོང་རྡལ་གྱི་གནས་སྤོས་འཕོ་འགྱུར་གཏམ་རྒྱུད་དེ་གྲངས་གཞི་མང་དག་ནང་བཀོད་ཡོད་པ་སྟེ། ཧྥུའུ་ཅན་ཞ་མོན་གྲོང་ཁྱེར་ཧུའུ་ལི་ཆུས་དང་སི་མིང་ཆུས་ཀྱིས་མཉམ་དུ་བསྐྲུན་པའི་མིན་ཉིང་ཐོན་ལས་གླིང་གི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་པ་དང་། གྲོང་རྡལ་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་གནས་སྤོས་བྱས་མ་ཐག་གི་སྒོར་500ནས་2025ལོའི་སྒོར་20292བར་འཕར་ཡོད།

རི་མཚོས་ཆོད་ཀྱང་ལག་སྦྲེལ་སེམས་མཐུན་གྱི་ཐུན་མོང་འབྱོར་ཕྱུག་གི་གཏམ་རྒྱུད་སྔ་ས་ནས་མིན་ཉིང་གྲོང་རྡལ་ནས་ཕྱི་ཕྱོགས་སུ་ཁྱབ། ལོ་30ཡི་རིང་། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་དེ“ཤར་རྒྱུད་ཀྱིས་རོགས་སྐྱོར་བྱེད་པ་དང་ནུབ་རྒྱུད་ཀྱིས་དང་ལེན་བྱེད་པ”ནས་ཐོན་ལས་མཉམ་ལས་དང་། ཐོན་ཁུངས་མཉམ་སྤྱོད། ཕན་ཚུན་མཐུན་རྐྱེན་སྦྱར་བ་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

ལུང་ཡོན་ས་གཞི་ཆེ་མོར་རྨ་ནུབ་དོག་ལམ་གྱི་དར་གོས་ལམ་བུའི་རིག་གནས་ཡུལ་སྐོར་ནས་ཀན་ལྷོའི་བྲག་སྒམ་ནང་གི་གྲོང་གསེབ་ཀྱི་མཛེས་ལྗོངས་བར་གྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

ལིན་ནན་ས་ཁུལ་དུ“མི་ཐབས་རིག་ནུས་+”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཀོང་ཏུང་དང་ཀོང་ཤིས་ཀྱི་རོགས་ལས་དེ“རོགས་སྐྱོར”ནས“མཉམ་གཏོད”ལ་བསྒྱུར་ནས་འབྱུང་འགྱུར་ལ་ཕྱོགས་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མཉམ་དུ་འཚོལ་ཞིབ་བྱས་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བར་བརྒལ་དུས་སྐབས(གཤམ་དུ“བར་བརྒལ་དུས་སྐབས”ཞེས་བསྡུ་རྒྱུ)དང་། ཤར་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དར་རྒྱས་ཅུང་ཆེ་བའི་རྫོང(གྲོང་ཁྱེར་དང་ཆུས)325དང་ནུབ་རྒྱུད་ས་ཁུལ་གྱི་དབུལ་སྒྲོལ་རྫོང་447གྱིས་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། ཤར་རྒྱུད་ཀྱི་ཞིང་ཆེན(ཐད་སྐྱོང་གྲོང་ཁྱེར)8ཀྱིས་རིམ་རྩིས་བརྒྱབ་ན་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)10ལ་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1150ལྷག་ཙམ་བཏང་ནས་རོགས་སྐྱོར་ཐོན་ཁུངས་གཞི་རིམ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཁུལ་ལ་གཏོང་བར་ཁྲིད་སྟོན་གནད་སྨིན་བྱས་ཡོད་པ་རེད།

2025ལོར། ནུབ་རྒྱུད་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི་བསྡུར་གྲངས་བཟུང་ཚད་ཀྱི་21.4%བཟུང་ཡོད། རིམ་པ་མང་བ་དང་། རྣམ་པ་མང་བ། ཕྱོགས་ཡོངས་བཅས་ཀྱི་རོགས་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱེད་སྟངས་ལས་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཆེ་རུ་འགྲོ་བའི་རྣམ་པ་རིམ་བཞིན་ལེགས་སུ་ཕྱིན་ཡོད།

གྲངས་འཛིན་དྲ་བ་ཞིག་གི་གསོན་ཤུགས་ལ་ལྟ་བ།

ནུབ་རྒྱུད་ས་ཁུལ་གྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།

ཁྲོན་ནུབ་མཐོ་སྒང་། རི་མཐོ་གཡང་གཟར། སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་མའོ་ཧྲུའེ་གྲོང་ཚོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཝང་ཧུའེ་ཡིས་ལག་ཐོགས་ཁ་པར་སྤྱད་ནས“གྲོང་གསེབ་ཀྱི་གྲངས་འཛིན་ས་བཀྲའི”བྱ་རིམ་ཆུང་ངུ་ཁ་ཕྱེ་བས་གྲོང་མིའི་རེ་ཞུ་དང་སྒྲུབ་གཉེར་གྱི་འཕེལ་རིམ་གསལ་པོ་མཐོང་།

སི་ཁྲོན་གྱི་རི་གྲོང་ཆུང་ངུའི་གྲོང་གསེབ་བཅོས་སྐྱོང་དེ་གྲངས་འཛིན་ཅན་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་ནི་ཀྲེ་ཅང་དང་སི་ཁྲོན་དབར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ཟབ་ཏུ་བཏང་བ་ལས་བྱུང་བ་རེད། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་གིས་ལེགས་ཆ་ལྡན་པའི་ལག་རྩལ་དང་། ཤེས་ལྡན་པ། ཉམས་མྱོང་བཅས་ཆ་སྒྲིག་ས་ཁུལ་རྔ་པ་ཀྲོའུ་བཙན་ལྷ་རྫོང་དུ་དྲངས་ནས་གྲངས་འཛིན་ཅན་གྱི་སྒྱུར་བཅོས་ལ་བརྟེན་ཏེ་གཞི་རིམ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་ཡོད།

“གྲོང་གསེབ་ཀྱི་གྲངས་འཛིན་ས་བཀྲ”བཙན་ལྷ་རྫོང་གི་མའོ་ཧྲུའེ་གྲོང་ཚོ་དང་བོར་རོམ་གྲོང་ཚོར་ཁྱབ་ནས་གྲོང་མི་2000ལྷག་ཙམ་ལ་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་གྲངས་འཛིན་ཅན་གྱི་ཞབས་འདེགས་ཞུས་ཏེ་གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། བཙན་ལྷ་རྫོང་མེ་ཞིན་གྲོང་རྡལ་དུ་གྲངས་རིག་མེ་ཞིན་རིག་ནུས་ཅན་གྱི་དོ་དམ་ལས་སྟེགས་ལས་གྲོང་རྡལ་ཡོངས་ཀྱི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་མང་པོ་གྲངས་འཛིན་མཐའ་སྣེར་བསྡུ་སྒྲིལ་བྱས་པས་མི་ཁྲི་1.6ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

རོགས་ལས་ས་ཁུལ་གྱི་མངོན་གསལ་དོད་པའི་ཞན་ཆར་དམིགས་ནས་ཤར་ནུབ་རྒྱུད་ཀྱི་རོགས་ལས་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། རོགས་ལས་བྱེད་རིང་། ཤར་ནུབ་རྒྱུད་ཀྱིས་གྲོང་སྡེ་1500ལྷག་ཙམ་ལ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་བཏང་བས། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ནུས་ལྡན་ངང་ལེགས་སུ་ཕྱིན་པ་དང་། སྐར་གསོག་ལམ་ལུགས་དང་། གསལ་ཐོའི་ལམ་ལུགས། གྲངས་འཛིན་ཅན་སོགས་ཀྱི་བཅོས་སྐྱོང་བྱེད་སྟངས་རིམ་བཞིན་དོན་འཁྱོལ་ཐུབ་ནས་མིག་མཐོང་ལག་འཛིན་ཐུབ་པའི་འགྱུར་ལྡོག་མང་པོ་བྱུང་ཡོད།

བར་བརྒལ་དུས་སྐབས་རིང་རོགས་ལས་ཕྱོགས་གཉིས་ཀྱིས་ཏང་སྲིད་ལས་བྱེད་པ་དང་། དགེ་རྒན། སྨན་པ། ཞིང་ལས་ལག་རྩལ་པ་སོགས་ཤེས་ལྡན་པ་མི་ཐེངས་ཁྲི་13ལྷག་ཙམ་ཕན་ཚུན་མངགས་རེས་བྱས་ནས་གནས་ཐུབ་པ་དང་འཐབ་ཐུབ་པའི་ཤེས་ལྡན་པའི་དཔུང་ཁག་གཅིག་བཏོད་དེ། སྔོན་ཐོན་གྱི་འདུ་ཤེས་དང་། ལག་རྩལ། ཉམས་མྱོང་བཅས་ནུབ་རྒྱུད་ས་ཁུལ་གྱི་ཡུན་རིང་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་མཉམ་འདྲེས་གཏིང་ཟབ་བྱས་ཡོད་པ་རེད།

ཡུན་ནན་དབྱི་ལེང་རྫོང་མི་དམངས་སྨན་ཁང་དུ་དབང་རྩའི་ཁོག་ནད་ཚན་ཁག་གི་སྨན་པ་ཡུས་ཀྲུང་མིན་གྱིས་ཀླད་པའི་ཁྲག་རྩའི་སྦུག་བཅོས་གཤགས་བཅོས་རང་རྐྱ་འཕེར་ཐུབ་པ་དང་ཁོང་གི་འཚར་ལོངས་ནི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་ཧྲང་ཧའེ་དང་ཡུན་ནན་གྱི་སྨན་བཅོས་རོགས་ལས་ལམ་སྲོལ་ལས་ཕན་པ་ཐོབ་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྨན་ཁང་ཡོངས་ནས་སྨན་བཅོས་རྐང་འཛིན་པ་100ལྷག་ཙམ་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཞོར་གཏོགས་མི་དམངས་སྨན་ཁང་དང་པོར་ཟབ་སྦྱོང་དང་སློབ་སྦྱོང་བྱེད་པར་མངགས་ཡོད། “ལག་རྩལ་ཕྱིར་གཏོང་དང་། ཚན་ཁག་མཉམ་སྐྲུན། ཤེས་ལྡན་པ་གསོ་སྐྱོང་སོགས་བརྒྱུད་རིམ་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་བརྒྱུད། རྫོང་རིམ་པའི་སྨན་ཁང་གི་ཤེས་ལྡན་པའི་དཔུང་ཁག་གི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད”ཅེས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་མི་དམངས་སྨན་ཁང་དང་པོའི་རོགས་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པའི་རུ་དཔོན་ཧྥང་ཁན་གྱིས་བཤད།

པེ་ཅིང་དུ“གྲགས་ཅན་སློབ་གྲྭ+”ཀྱི་རོགས་སྐྱོར་རྣམ་པ་གསར་གཏོད་བྱས་ནས་སྤེལ་ཏེ་པེ་ཅིང་གི་གཙོ་གནད་སློབ་འབྲིང་གིས་ནང་སོག་གི་དབུལ་སྒྲོལ་རྫོང་གི་སློབ་འབྲིང་དང་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་སློབ་གསོའི་རོགས་ལས་ཀྱི་རིག་ལྡན་ལས་སྟེགས་བཏོད་ཡོད། ས་གནས་གཉིས་ཀྱི་དགེ་རྒན་གྱིས་བརྗོད་དོན་གཙོ་བོ་གཅིག་ལ་མཉམ་དུ་ཞིབ་འཇུག་བྱེད་པ་དང་སློབ་མས་སློབ་ཚན་གཅིག་མཉམ་དུ་འཚོགས་ནས་པེ་ཅིང་དང་ནང་སོག་གི་ཆ་སྒྲིག་སློབ་གྲྭ་525ཡིས་རྒྱུན་རྣམ་ཅན་གྱི་སྒོ་ནས་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་དང་སློབ་དཔྱོད་བྱེད་སྒོ་སྤེལ་བར་སྐུལ་འདེད་བཏང་བས་ནང་སོག་གི་ཆ་སྒྲིག་སློབ་གྲྭའི་སློབ་གསོའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དུས་མཚམས་སུ་སླེབས་པས། རང་རྒྱལ་གྱིས་ཤར་ནུབ་རྒྱུད་ཀྱི་ཡུན་རིང་གཏན་འཇགས་ཀྱི་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་གཉིས་ཁེ་གཉིས་ཕན་དང་ལེགས་ཆ་གསབ་རེས་བྱས་ཏེ་ཁྱབ་ཁོངས་དེ་བས་ཡངས་པ་དང་རིམ་པ་དེ་བས་ཟབ་པའི་ཐོག་ནས་ཕྱོགས་གཉིས་དབར་མཐུན་རྐྱེན་སྦྱོར་བ་དང་མཉམ་དུ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་རེད།