མི་དམངས་དྲ་བའི་གསར་འགོད་པ། ཧྥུའུ་ཧྭ་ཀྲོའུ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་11ཉིན། 15:29】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཀོང་ཤིའི་གཙང་གསུམ་ཏུང་རིགས་རང་སྐྱོང་རྫོང་ཆིང་ཧྭ་འཚེམ་དྲུབ་བཟོ་ཁང་དུ་རང་ལོ་61ལ་སླེབས་པའི་ཝེ་ཆིང་ཧྭ་དང་བུ་མོ་ཐན་ཀུའེ་ཀྲེན་གཉིས་སྒེའུ་ཁུང་གི་འགྲམ་དུ་བསྡད་དེ་ལག་རྩལ་རྩེ་གྲ་ཞིག་ངོམ་གྱིན་ཡོད་དེ། ཟིན་བྲིས་འབྲི་མི་དགོས་པར་ལག་པ་འགུལ་ཙམ་གྱིས་ཕྱེ་མ་ལེབ་ཀྱི་རི་མོ་ཞིག་ཤོག་དམར་སྟེང་ནས་ཐོན། འདི་ནི་ཏུང་རིགས་ཀྱི་འཚེམ་དྲུབ་ཁོ་ནར་དབང་བའི་“ཤོག་དྲས་འཚེམ་དྲུབ་”ཡིན་པ་དང་། ཏུང་རིགས་ཀྱི་འཚེམ་དྲུབ་ནི་འཁེལ་འཐག་དང་། ཚོས་རྒྱག ཤོག་དྲས་བཅས་གཞི་གཅིག་ཏུ་འདུས་ཡོད། ཝེ་ཆིང་ཧྭ་ནི་དེའི་ནང་གི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད།

ཝེ་ཆིང་ཧྭ་ཡིས། “གྲོང་ཚོའི་ནང་གི་གཞོན་ནུ་སྔར་ལས་མང་པོ་ཞིག་ཕྱིར་ལས་ཀ་བྱེད་པར་སྐྱོད་ཀྱི་ཡོད་མོད། འོན་ཀྱང་ལོག་ཡོང་སྐབས་སྔར་བཞིན་རང་རིགས་ཀྱི་གྱོན་ཆས་གྱོན་འདོད་ཡོད་པས། ལོག་ཡོང་སྐབས་རྒྱུན་དུ་ངའི་ས་ནས་འཚེམ་དྲུབ་ཉོ་མཁན་ཡོད་པས། ངས་ལག་རྩལ་འདི་འཕེལ་རྒྱས་གཏོང་བའི་ཁྲོམ་ར་འདུག་སྙམ་གྱིན་ཡོད་”ཅེས་ཟེར།

2018ལོར་བུ་མོས་གྲོས་འགོ་བཏོན་པ་བཞིན། ཝུའེ་ཆིང་ཧྭ་ཡིས་ཆིང་ཧྭ་འཚེམ་དྲུབ་ཁང་བཙུགས་པ་མ་ཟད། “ཁེ་ལས་དང་། རྟེན་གཞི། རྒྱུན་འཛིན་པ། འཚེམ་དྲུབ་མ། མངགས་ཐོ་”བཅས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་གསར་གཏོད་བྱས་ནས་ས་གནས་དེ་གའི་གྲོང་གསེབ་ཀྱི་བུད་མེད་སྒོ་རྩར་ལས་ཞུགས་དང་ཡོང་འབབ་འཕར་བའི་སྐུལ་ཁྲིད་བྱས་པས། ད་ཆ་དེ་གའི་ཀོང་ཤིའི་རུ་“ངོ་མཚར་ཅན་གྱི་བུ་མོ་འཚེམ་དྲུབ་མའི་”མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལས་དོན་ཁང་གི་མཚོན་བྱེད་རང་བཞིན་གྱི་རྟེན་གཞིར་གྱུར་ཞིང་། མ་བུ་གཉིས་པོས་རིམ་རྩིས་བརྒྱབ་ན་འཚེམ་དྲུབ་མ་མི་ཐེངས་3000ལྷག་ཙམ་གསོ་སྦྱོང་བྱས་ནས་གཞིས་ལུས་བུད་མེད་300ཙམ་ལས་ཞུགས་གན་འཇོག་གི་སྐུལ་ཁྲིད་བྱས་པའི་ནང་དབུལ་སྒྲོལ་འཚེམ་དྲུབ་མ་110ལྷག་ཙམ་ཟིན་ཡོད་པ་རེད།


གཙང་གསུམ་ལྷོ་ཚུགས་སྡེ་ཁུལ་གྱི་ཏུང་ཨན་ཁྱིམ་གཞིས་སུ་གནས་པའི་འཚེམ་དྲུབ་མ་དབྱང་ཧྭ་དབྱིང་ནི་ཁེ་ཕན་ཐོབ་མཁན་གྱི་གྲས་ཤིག་ཡིན་ཞིང་། ཁོ་མོས་“དེ་སྔ་ཕྱི་རོལ་དུ་ལས་ཀར་བསྐྱོད་དེ་ཕྲུ་གུ་ཁྱིམ་སྐྱོང་མཁན་གྱི་སར་འཇོག་དགོས་མོད་ཀྱང་ད་ཆ་རང་ཁྱིམ་དུ་འཚེམ་དྲུབ་བརྒྱབ་ནས་བསྡད་དེ་ལོ་གཅིག་ལ་སྒོར་བཞི་སྟོང་ལྔ་སྟོང་ཙམ་གསོག་ཐུབ་པ་མ་ཟད། ད་དུང་ཁྱིམ་དུ་ལྟ་རྟོག་བྱེད་ཐུབ་ཀྱི་འདུག་”ཟེར།



ཏུང་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་ལག་ཤེས་བཟོ་རྩལ་བརྟན་པོར་སྲུང་བ་དང་དུས་མཚུངས། ཝེ་ཆིང་ཧྭ་ཡིས་སྣལ་མ་བ་ཚོའི་སྣེ་ཁྲིད་དེ་མི་རིགས་ཀྱི་རིག་གནས་དང་དར་སྲོལ་མཉམ་འདྲེས་བྱེད་སྟངས་སྙིང་སྟོབས་ཆེན་པོས་འཚོལ་ཞིབ་བྱས་ནས་གནའ་བོའི་ཏུང་རིགས་ཀྱི་སྣལ་མ་དེ་དར་སྲོལ་གྱི་ཉམས་འགྱུར་ལ་བརྟེན་ནས་རྒྱན་ཆ་གསར་པར་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་དང་། ཁོང་ཚོས་ཏུང་རིགས་ཀྱི་སྣལ་མ་དང་དངུལ་ཆུའི་རྒྱན་ཆ་ཟུང་འབྲེལ་བྱས་ནས་ལོ་བཅུ་གཉིས་ཀྱི་ལག་གདུབ་དང་། བྲང་ཁའི་གསེར་གདུང་། རྣ་རྒྱན་སོགས་ཡང་བའི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་པར་དོ་ཁུར་ཆེན་པོ་ཐོབ་པ་དང་། འདི་ལོའི་ཟླ་5པར་ཏུང་རིགས་ཀྱི་སྣལ་མའི་ལོ་བཅུ་གཉིས་ཀྱི་ལག་གདུབ་ཨའོ་མོན་ཉ་པའི་གྲུ་ཁར་འཚོགས་པའི་“ཀོང་ཤིའི་དང་འཕྲད་པ་”ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུར་ཞུགས་པས་ས་གནས་དེ་གའི་སྐུ་མགྲོན་མང་པོའི་དགའ་བསུ་ཐོབ་པ་མ་ཟད། ཆིང་ཧྭ་སྣལ་མ་བཟོ་ཁང་དང་ཧུའུ་ནན་སློབ་ཆེན་གྱིས་མཉམ་ལས་བྱས་པའི་ཏུང་རིགས་ཀྱི་སྣལ་མའི་འདྲ་གཟུགས་བཟོ་ལས་དེ་མེ་ལན་གྱི་འཆར་འགོད་གཟའ་འཁོར་ནང་བསྟན་པས་ཏུང་རིགས་ཀྱི་སྣལ་མའི་འབྲེལ་མཚམས་བརྒལ་བའི་རིག་གནས་གསར་གཏོད་ཀྱི་གྲུབ་འབྲས་གང་ལེགས་མངོན་ཡོད།


རི་ཁུག་གི་ཏུང་རིགས་གྲོང་ཚོ་ནས་དར་སྲོལ་གསར་ཤོས་ཀྱི་གར་སྟེགས་ཐོག་བསྐྱོད་པའི་བར་མངོན་མིན་རིག་གནས་ཤུལ་བཞག་ཏུང་རིགས་ཀྱི་འཚེམ་དྲུབ་བརྩམས་ཆོས་རེ་རེས་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད།