མི་དམངས་དྲ་བའི་གསར་འགོད་པ། ཆིའུ་ཡུས་ཀྲེ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་11ཉིན། 09:46】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
དབྱར་ཁའི་ཉི་འོད་ལེའོ་ཧོ་ཆུ་ཁའི་མདོར་འཕྲོས་པ་དང་། མཚོ་རླུང་ལྡང་བ་ལས་ཚཱ་ཁའི་བསིལ་རླུང་བྱེ་ཐང་དུ་འཕྱུར་ནས་གནས་སྐབས་བསིལ་བའི་སྣང་བ་སྟེར། བྱེ་ཐང་དུ་མཚོ་གཟིག་ཁྲ་བོ་རྒྱགས་རིལ་བཅུ་གྲངས་འགའ་ངལ་གསོའི་ཚུལ་དུ་གནས་ཤིང་། ལ་ལ་བག་ཕེབས་ཚུལ་རུ་ཉལ་ནས་ཉི་མ་ལྡེ་བ་དང་། འགའ་རེ་མགོ་བོ་བཏེགས་ནས་ཕྱོགས་བཞིར་བལྟ་བཞིན་འདུག་པ་མཐོང་སྐབས་བག་ཡངས་སྤྲོ་སྣང་ལྡན་པའི་ངང་ཚུལ་འཆར།
འདི་གར་ཀྲུང་གོའི་མཚོ་གཟིག་རྒྱུད་འཕེལ་བྱེད་གནས་གཅིག་པུ་རེད། ལེའོ་ཉིང་ཕན་ཅིན་འདམ་ར་སྲུང་སྐྱོང་མཐུན་ཚོགས་ཀྱི་ཐེན་ཅི་ཀོང་གིས། མཚོ་གཟིག་ཁྲ་བོ་འདྲོགས་ཀྱིས་དོགས་ཏེ་སྐད་སྒྲ་ཆུང་ངུའི་ཐོག་ནས་“འདི་ལོར་མང་ཤོས་ཀྱི་དུས་སུ་ཉིན་རེར་ཆུ་ངོགས་སུ་སྐྱོད་མཁན་མཚོ་གཟིག་451ཟིན་ནས་ལོ་གསུམ་བསྟུད་མར་ཟིན་ཐོ་གསར་པ་བཏོད་ཡོད་”ཟེར། ཁོང་གིས། “ལོ་ཤས་ཀྱི་གོང་ལ་མཚོ་གཟིག་བཅུ་གྲངས་ལས་མཐོང་རྒྱུ་མེད་པ་རེད་”ཟེར།

རང་ལོ་63ལ་སླེབས་པའི་ཉ་པ་སུང་ཅ་ལིས་ཉིན་ལྟར་སྲུང་སྐྱོང་ཁུལ་གྱི་ཆུ་ཁོངས་སུ་སྐོར་སྲུང་བྱེད་ཀྱི་ཡོད་པ་དང་། ལུས་པོ་ཡོངས་ཉི་བཀྲགས་ཐེབས་ནས་དམར་སྨུག་ཏུ་གྱུར། “ཚང་མས་གྲུ་གཟིངས་བཏང་ནས་བསྐྱོད་སྐབས་གྲམ་ཐང་དང་བར་ཐག་རིང་ཙམ་དང་དལ་ཙམ། ཁ་ཁུ་སིམ་མེར་བསྐྱོད་ཀྱི་ཡོད།” ཁོང་ལྟ་བུའི་སྐོར་སྲུང་བ་30ལྷག་ཙམ་ཡོད། ལོ་10ཡི་རིང་ལེའོ་ཧོ་ཆུ་མདོ་ནས་མཚོ་གཟིག་20ལྷག་ཙམ་བསྐྱབས་ཏེ་བདེ་འཇགས་ངང་རང་ཁྱིམ་དུ་ལོག་ཐུབ་པ་བྱུང་ཡོད།
ཡིན་ནའང་ལོ་10ལྷག་ཙམ་གྱི་གོང་འདི་གར་མཚོ་སྐོར་གསོ་ཚགས་ཡུག་གཅིག་ཏུ་བསྒྲིགས་པ་དང་འདམ་ར་བཅད་པ། མཚོ་ཆུ་སྦགས་བཙོག་བཟོས་པ་སོགས་ཀྱི་རྣམ་པ་གཞན་ཞིག་ཡོད། ཞིང་ཅི་ཀོང་གིས། “སྐྱེ་དངོས་ཉུང་དུ་ཕྱིན་པ་དང་ཉ་མེད་པར་ཟས་རིགས་དཀོན་པས་མཚོ་གཟིག་ཀྱང་ཡོང་འདོད་མི་བྱེད་”ཟེར། 2015ལོ་ནས་བཟུང་གསོ་ཚགས་ཀྱི་དུད་ཚང་598ཚང་མས་གསོ་ཚགས་དོར་བ་དང་། མཚོ་ནང་དུ་བཙོག་ཆུ་འབུད་ས་366མེད་པར་བཟོས་ནས་འདམ་ར་མུའུ་ཁྲི་8.59སླར་གསོ་ཐུབ་ཡོད། ཉམས་གསོ་བྱ་ཡུལ་དུ་བཟོ་པས་གྲམ་ཐང་ཐོག་བུལ་རྩྭ་བཏབ་པ་དང་མི་མེད་གནམ་གྲུས་མཉམ་དུ་ལས་ཀ་བྱེད་ཀྱིན་ཡོད། བུལ་རྩྭས་ས་རྒྱུའི་བ་ཚྭ་ཉུང་དུ་བཏང་ནས་སྐྱེ་དངོས་ལ་འཚོ་གནས་ཁོར་ཡུག་མཁོ་འདོན་ཐུབ་ཀྱི་ཡོད།

དེ་སྔོན་གྲམ་ཐང་དེའི་ཐོག་ཤཱ་འབུ་གསོ་ཚགས་ཀྱི་རྫིང་བུ་དང་ཉ་རྒྱས་བསྐོར་ནའང་ད་ཆ་དེ་དག་ཚང་མ་རང་ཁྱིམ་རྒྱ་མཚོར་བསློག་ཡོད། སྣོད་བཅུད་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཉ་ལས་ཐོན་ཁུངས་ཀྱང་སླར་གསོ་བྱུང་ཡོད། ཕན་ཅིན་གྱིས། རྒྱལ་ཁབ་རིམ་པའི་མཚོ་ཐོན་གསོ་རའི་དཔེ་སྟོན་ཁུལ་གཉིས་བསྐྲུན་ཡོད། ན་ནིང་གྲོང་ཁྱེར་ཡོངས་ཀྱི་མཚོ་ཐོན་གསོ་སྤེལ་ཐོན་ཚད་ཏུན་ཁྲི་4ཟིན་ནས་དུས་མཚུངས་ལས་4.1%འཕར་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་གཟིག་སྔོན་མོ་དེ་བས་མང་པོ་ཞིག་བྱང་ཕྱོགས་སུ་གནས་མི་སྤོ་བར་དགུན་ཁ་འཁྱོལ་ཐབས་བྱེད་བཞིན་ཡོད། དེ་དག་གིས་བབ་ཆགས་དང་ལྡན་པར་མཚོ་ཁུག་དེར་ཡིད་གཏད་གཅོལ་བཞིན་ཡོད། འདམ་ར་སླར་གསོ་བྱས་པ་ལས་ཕན་པ་ཐོབ་མཁན་ནི་མཚོ་གཟིག་སྔོན་མོ་ཁོ་ན་མིན་པར། ལེའོ་ཧོ་གཙང་པོའི་ཁ་རུ་འདབ་ཆགས་རིགས་336ཡོད་པ་དེ་དག་བྱིའུ་མཆུ་ནག་འཛམ་གླིང་ཐོག་སྐྱེ་འཕེལ་བྱ་ཡུལ་ཆེ་ཤོས་སུ་གྱུར་ཡོད། སྤྱི་ལེ་18ཟིན་པའི་ཧུང་ཧའེ་མཚོ་འགྲམ་གྱི་ཡུལ་ལྗོངས་སྲུང་སྐྱོང་ཁུལ་དུ་པར་རྒྱག་རྒྱུར་དགའ་མཁན་ཚོས་བྱ་རིགས་མང་པོ་འཕུར་ཚུལ་པར་རྒྱག་པ་དང་། ཡུལ་སྐོར་བ་ཚོས་སྣོད་བཅུད་ཡུལ་སྐོར་རྣམ་གྲངས་ནང་ཞུགས་པ། ཕྲུ་གུ་ཚོས་འདམ་རའི་ཚན་རིག་ཁྱབ་གདལ་ཁང་དུ་མཚོ་འགྲམ་གྱི་སྣོད་བཅུད་ཤེས་རྟོགས་བྱེད་པ་སོགས་ན་ནིང་ཡུལ་སྐོར་བ་ཐེངས་ཁྲི་105ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་5000ལྷག་ཙམ་བྱུང་ཡོད།

མཚོ་མོ་གཡུ་མདངས་རྒྱས་ཤིང་ནམ་མཁའ་དྭངས། གྲམ་ཐང་དམར་ཞིང་འདམ་རྩྭ་མགོ་ལྕོག་ལྡེམ། བྱ་ཚོགས་སྐད་སྙན་འགྲན་ཞིང་མི་ཚོགས་དག ཞི་མཐུན་ལྷན་འདུས་རི་མོ་ཞིག་དང་མཚུངས།