གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་27ཉིན། 14:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་གྱིས་པུ་རུན་ཏིར་རོགས་སྐྱོར་བྱེད་པའི“འོད་སྣང་བྱ་སྤྱོད”ཀྱི་བྱེད་སྒོ་པུ་རུན་ཏིའི་དཔལ་འབྱོར་རྒྱལ་ས་པུ་ཅུམ་པུ་རུར་སྤེལ་འགོ་ཚུགས་པ་དང་། མིག་ནད་ཚན་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ས་གནས་དེ་གའི་སྐྱ་འགྲིབ་ཕོག་པའི་ནད་པ་300ཙམ་ལ་རིན་མེད་གཤགས་བཅོས་བྱ་རྒྱུ་ཡིན་པ་རེད།
2016ལོར“འོད་སྣང་བྱ་སྤྱོད”ཀྱི་སྐྱ་འགྲིབ་གཤགས་བཅོས་རྣམ་གྲངས་ལག་ལེན་བསྟར་ཚུན། མཚོ་སྔོན་ཞིང་ཆེན་གྱིས་པུ་རུན་ཏིར་སྔ་རྗེས་སུ་རེས་སྐོར་གསུམ་གྱི“འོད་སྣང་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ནས་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་སྐྱ་འགྲིབ་ཕོག་པའི་ནད་པ་449ལ་བསྐྱར་མཐོང་གཤགས་བཅོས་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་མིག་གི་བདེ་ཐང་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།
ད་ཐེངས་ཀྱི“འོད་སྣང་བྱ་སྤྱོད”ཀྱི་བྱེད་སྒོ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྤྱི་འདོམས་མཐུན་སྦྱོར་དང་ཕྱོགས་མང་པོའི་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེན་འོག་དུས་འགོའི་གྲ་སྒྲིག་དང་། མི་སྣ་བཀོད་སྒྲིག དངོས་ཟོག་འགན་ལེན་བཅས་ཀྱི་ལས་དོན་ཚང་མ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་21ཡིན་པ་དང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག(མཚོ་སྔོན)ཁག་24པ་དང་མཉམ་དུ་པུ་རུན་ཏིའི་པུ་ཅུམ་པུ་རུ་རྒྱལ་སྲས་རྒན་པའི་སྨན་ཁང་སོགས་སྨན་བཅོས་སྒྲིག་གཞིར་སྨན་བཅོས་རོགས་སྐྱོར་དང་། ནད་ཐོག་སྨན་བཅོས། གཤགས་བཅོས་དངོས་སྤྱོད་སློབ་ཁྲིད་སོགས་ཀྱི་ལས་དོན་སྤེལ་ནས་ས་གནས་དེ་གའི་མིག་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེར་གཏོང་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་རེན་ཡན་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 1987ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་ལ་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་24བཏང་བར་ཁྱོན་མི་ཐེངས་544ཟིན་ཡོད། “འོད་སྣང་བྱ་སྤྱོད”ཀྱི་བྱེད་སྒོ་ནི་མཚོ་སྔོན་དང་པུ་རུན་ཏིས་འཕྲོད་བསྟེན་བདེ་ཐང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན་པ་དང་། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་རྒྱ་ཆེའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་གི་རུ་མིས་ལ་བརྒལ་ཀླུང་བརྒལ་གྱིས་གཅིག་རྒྱུན་གཅིག་འཛིན་བྱས་ཏེ་སྤྱོད་ཚུལ་བཟང་པོ་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་མཚོ་སྔོན་གྱི་རྒྱུགས་ལན་ཡག་པོ་ཕུལ་ཡོད།