ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་24ཉིན། 17:47】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་གྱི་གསར་འགོད་པས།
མིག་སྔར་ཏང་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་ཅིང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཡོངས་བསྒྲགས་ཐོག་དགོས་མཁོ་འདྲི་བ་དང་གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི“སེམས་ནད”ཡག་པོ་སེལ་བ་དང་དུས་མཚུངས“འཕྲལ་མར་དག་ཐེར”དང“ཡུན་རིང་འཛུགས་སྐྱོང”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་བཞིན་ཡོད།
གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་བྱས་པ།
ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཀུའུ་སུའུ་ཆུས་ལི་ཧོ་གྲོང་གསར་གྱི་གྲོང་མི་ཕྱིར་སྐྱོད་སྐབས་སྔོན་ཆད་ལྷོ་སྒོ་ཆེན་མོའི་འཛུལ་སྒོ་གུ་དོག་པ་དང་གསལ་པོ་མེད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཀུའུ་སུའུ་ཆུས་ཀྱི་ཏང་ཡོན་དང་ལས་བྱེད་པས་སྡེ་ལས་དང་འབྲེལ་མཐུད་བྱས་ཏེ་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་ནས་ལམ་ངོས་རྒྱ་ཆེར་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་ཞིང་། ཁུལ་ཆུང་གི་སྤྱི་ཡོངས་བཀོད་པར་འགྱུར་ལྡོག་མི་གཏོང་བའི་སྔོན་འགྲོའི་འོག་བར་མཐོངས་ལ་སྒྱུར་བཀོད་ཕྲན་བུ་བྱས་པ་བརྒྱུད། འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་བྱུང་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད། མང་ཚོགས་ལ་བྱ་བ་དངོས་མང་ཙམ་བསྒྲུབས་པ་དང་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱ་ཆེད། སུའུ་ཀྲོའུ་གྲོང་ཁྱེར་གྱིས་ཁེ་ལས་དང་། རྣམ་གྲངས། གླིང་ཁུལ་བཅས་ལ་ཞབས་ཞུ་དང་དེ་བཞིན་གཞི་རིམ་གྱི“ཞབས་ཞུ་གསུམ”གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།
ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་རིམ་ངོས་ནས་གཅིག་སྡུད་བཅོས་སྒྲིག་ལས་ཀའི་འཆར་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་། དཔོན་པོ་གསར་པས་རྩིས་ཁྲ་རྙིང་པར་ཁ་ཡ་མི་བྱེད་པ་དང་། མིག་མདུན་གྱི་ཁེ་ཕན་ཁོ་ནར་རྔམ་པ། མི་བདེན་རྫུན་སྒྲིག་བྱེད་པ། རྨོངས་ཚོད་དང་ཧོལ་རྒྱུག་བྱེད་པ། མང་ཚོགས་ཀྱི་འདོད་བློ་དང་རྒྱབ་འགལ་གྱིས་དོན་དངོས་དང་མི་མཐུན་པའི་ཇུས་ཐག་གཅོད་པ། “རྟགས་མཚོན་ལས་གྲྭ”དང“སྲིད་དོན་ལས་རྗེས་ལས་གྲྭ”གཉེར་བ། སྒྲིག་འགལ་ངང་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་མང་དུ་གཏོང་བ་སོགས་ཕྱོགས་8ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ལས་ཀའི་བྱ་ཐབས་ཁག་25བཏོན་པ་རེད། ས་གནས་དེས་སློབ་སྦྱོང་སློབ་གསོ་དང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་དག་ཐེར་དང་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱས་པ་རེད།
ཡོངས་བསྒྲཌ་ཐོག་སློབ་གསོ་སྤེལ་བ་དང་དམངས་ཀྱི་སེམས་ཁྲལ་བསལ་བ།
སློབ་སྦྱོང་སློབ་གསོ་སྤེལ་ཚུན། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཤིང་རྫོང་གིས་ཡོངས་བསྒྲགས་ཐོག་སློབ་གསོ་སྤེལ་བ་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པའི“རྩིས་ཁྲ་རྙིང་པའི”གནད་དོན་ཁག་157གསེད་བཀྲོལ་བྱས་ཏེ“རྩིས་ཁྲ་རྙིང་པ”ཐག་གཅོད་བྱེད་པར་སྐུལ་འདེད་བརྟན་པོ་བཏང་ཡོད། དེའི་ནང་སློབ་གསོའི་ཐོན་ཁུངས་ཁ་ཐོར་དང་སློབ་མཚམས་སྦྲེལ་མཐུད་ཡག་པོ་མ་བྱུང་བའི་གནད་དོན་ལ་དམིགས་ནས། རྫོང་དེས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ཏེ་པའོ་ཤིང་རྫོང་སློབ་གསོ་ཚོགས་པ་འཛུགས་རྒྱུའི་ཐག་བཅད་པ་རེད། ཚོགས་པ་དེས“སློབ་གྲྭ་ཨ་མ་དང་ཁོངས་ཞུགས་སློབ་གྲྭ”ཟུང་དུ་འབྲེལ་བའི་སློབ་གཉེར་བྱེད་སྟངས་སྤྱད་དེ་དམའ་རིམ་སློབ་གྲྭ་འབྲིང་ཆུང་དང་མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ཁྱབ་པར་བྱས་ནས་སློབ་ཚན་དང་། ཡིག་རྒྱུགས། སློབ་དཔྱོད་བཅས་དུས་གཅིག་ཏུ་མངོན་འགྱུར་ཡོང་བར་བྱས་ཏེ་རི་ཁུལ་གྱི་ཕྲུ་གུ་ཚོར་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པར་བྱས་ཡོད།
ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འཐབ་ས་དང་པོར་བརྟག་ཞིབ་བྱེད་པ་དང་། བཞུགས་མོལ་ཚོགས་འདུ་དང་དྲ་རྒྱ་སོགས་ཀྱི་ཐབས་ལམ་བརྒྱུད། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་བསམ་འཆར་དང་གྲོས་འགོ་དེ་དག་གནད་དོན་བཤེར་འདོན་གྱི་གསལ་ཐོའི་ནང་བཅུག་ནས་རེ་རེ་བཞིན་དག་ཐེར་བྱེད་པར་ལྟ་སྐུལ་བྱས་ཡོད། གློག་སྐས་རྙིང་པ་སྒྱུར་བཀོད་བྱ་རྒྱུ་ནི་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་དམངས་འཚོའི་བྱ་བ་དངོས་ཤིག་རེད། དེའི་ཁྲོད་ཀྱི་དཀའ་གནད་ལ་དམིགས་ནས་ཆུས་ཅིང་གྲོང་ཁྱེར་ཆི་ལིན་ཆུས་ཀྱིས“གློག་སྐས་རྙིང་པ་སྒྱུར་བཀོད་ཀྱི་བློ་འདྲིའི་ཚོགས་འདུ”འཚོགས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་། མཁོ་སྤྲོད་ཚོང་པའི་ཐོན་རྫས་འགྲེམས་སྟོན། སྒྱུར་བཀོད་ཟིན་པའི་ཁུལ་ཆུང་གི་ཉམས་མྱོང་མཉམ་སྤྱོད་སོགས་བརྒྱུད་འབྲེལ་གཏུག་མཐུན་སྦྱོར་ལ་སྐུལ་འདེད་བཏང་ཞིང་། མིག་སྔར་གློག་སྐས་རྙིང་པ་བརྒྱ་ལྷག་ཙམ་གསར་པར་བརྗེས་ཡོད།
ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀན་ཤན་ཆུས་ཀྱིས་དམངས་འདོད་མྱུར་སྒྲུབ་ལམ་སྲོལ་ཁྱབ་གདལ་བཏང་ནས། འཚོལ་བསྡུ་བྱས་པའི་མང་ཚོགས་ཀྱི་རེ་ཞུ་ཉིན་གསུམ་ནང་སྤྱིར་བཏང་རང་བཞིན་གྱི་བློ་འདྲི་དང་རོགས་སྐྱོར་རེ་ཞུའི་རིགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་། ཉིན་ལྔའི་ནང་མཐུན་སྦྱོར་ཐག་གཅོད་ཀྱི་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་ཐུབ་རྒྱུ། ཉིན་བདུན་ནང་ཁྱབ་རྒྱ་ཆེ་ལ་ཤུགས་རྐྱེན་ཅུང་ཆེ་བའི་དཀའ་གནད་ཐག་གཅོད་ཐུབ་པ་དང་འབྲེལ་ལན་སློག་ཟིན་པ་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཆུས་ནང་དུས་བཀག་ལྟར་མང་ཚོགས་ཀྱི་རེ་ཞུ་གསེད་བཀྲོལ་དང་ཕྱོགས་བསྡོམས་བྱས་ནས་དམངས་འཚོའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད།
ལམ་ལུགས་བཙུགས་ནས་ཕུགས་ལ་ཕན་བཏགས་པ།
ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ནན་མིང་ཆུས་ཀྱིས་ལས་ཀའི་དོན་དངོས་ལ་གཞི་ཚུགས་ནས། སྐོར་གཟིགས་དག་ཐེར་དང་ལྟ་བཤེར་དག་ཐེར་སོགས་དང་ཟུང་འབྲེལ་གྱིས་ཡིག་ཆ་དང་ལམ་ལུགས་རང་བཤེར་གསེད་བཀྲོལ་ཕྱོགས་ཡོངས་ནས་བྱས་ཏེ། མ་ལག་འཐུས་ཚང་དང་། དངོས་སྒྲུབ་གོ་ཆོད། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་ལམ་ལུགས་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་ཡོད་ཅིང་། མིག་སྔའི་བར་ཆུས་ཡོངས་སུ་རིམ་རྩིས་བརྒྱབ་ན་ལམ་ལུགས་ཁག་2མེད་པར་བཟོས་པ་དང་། ཁག་37ལ་བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་བ། ཁག་52གསར་དུ་བཟོས་པ་བཅས་རེད།
ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་ཆེད། ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་གདེང་འཇོག་བྱ་ཐབས་ལ་བཟོ་བཅོས་བརྒྱབ་ནས། རྩིས་བཤེར་བྱ་ཡུལ་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་སྒྲུབ་པའི་སྤྱིའི་གནས་ཚུལ་ལ་ལུགས་མཐུན་དྲང་བཞག་ངང་གྲངས་བཅད་གདེང་འཇོག་བྱས་ཡོད། རང་བྱུང་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་སྐོར་ཞིབ་ལྟ་འདོམས་དང་ཁྲིམས་འགལ་ཞིབ་གཅོད་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ། རྩིས་ཐོའི་རྣམ་པ་སྤྱད་ནས་གཞི་རིམ་ཚན་པའི་ཞིབ་མཆན་ལྟ་འདོམས་དང་ཁྲིམས་སྒྱུར་བར་མཚམས་གསལ་པོ་བཟོས་ནས། འགན་ནུས་སྣོལ་འདྲེས་དང་ཁྲིམས་སྒྱུར་བ་མི་འདང་བ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད།
སློབ་སྦྱོང་སློབ་གསོའི་ཁྲོད་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཁྲུང་ཙུའོ་གྲོང་ཁྱེར་ཅང་ཀྲོའུ་ཆུས་ཀྱིས་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་གི་སྤུས་འབྲས་ལེགས་གཉེར་གྱི་བྱ་སྤྱོད་ཇུས་གཞི་བཏོན་ནས། ཁྲུའུ་རིམ་པའི་ལས་བྱེད་པའི་རྒྱུན་འབྲེལ་འབྲེལ་གཏུག་དང“ཞབས་ཞུའི་ཆེད་མིའི”ལམ་ལུགས་ཞིབ་ཕྲ་བཟོས་ཤིང་། “ཞབས་ཞུའི་ཆེད་མིས”སྔོན་བརྡ་གཏོང་བར་བརྟེན་ནས་ཁེ་ལས་ཀྱི་ལས་མི་སྤྱོད་པ་དང་། ཞིབ་མཆན་འགོད་པ། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་རེ་ཞུ་རྒྱུན་རྣམ་ཅན་དུ་བསྡུ་རུབ་བྱས་ཏེ“དུས་ཐོག་ཏུ་དང་ལེན་དང་། གསལ་ཐོ་དོ་དམ། ཐོ་སུབ་མཇུག་འགྲིལ”བཅས་ཀྱི་གདུབ་ཟུམ་ལམ་སྲོལ་བཙུགས་ཡོད། དེའི་ནང“ལས་མི་སྤྱོད་དཀའ་བའི”གནད་དོན་ལ་དམིགས་ཏེ་ཅང་ཀྲོའུ་ཆུས་ཀྱིས“གནད་དང་གནད”ཀྱི་ལས་ཞུགས་རོགས་སྐྱོར་དང་ལས་མི་འོས་སྦྱོར་གྱི་ལམ་སྲོལ་བཙུགས་ནས། ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)11གི་ལས་ཀ་འཚོལ་མཁན་སྒྲིག་འཛུགས་ཀྱིས་རླངས་འཁོར་ལ་བསྡད་དེ་གསར་སྤེལ་ཁུལ་གྱི་ཁེ་ལས་སུ་ཐད་ཀར་བསྐྱོད་ནས། ཡུལ་དངོས་སུ་ཐོན་སྐྱེད་ལ་ལྟ་བ་དང་། ཐོབ་ཐང་གླེང་བ། གྲོས་མཐུན་བཞག་པ་བཅས་བྱས་པ་རེད།