གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་22ཉིན། 09:56】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཧོ་དབྱིན།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་5ཚེས་19དང་ཚེས་20ཉིན་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། དེ་ནི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོར་འཚམས་འདྲི་གནང་ཐེངས་ཉེར་ལྔ་པ་དེ་ཡིན་ལ་འདི་ལོ་རྒྱལ་ཁབ་གཉིས་པོའི་གཙོ་བདག་ངོ་འཕྲད་གྲོས་མོལ་གནང་ཐེངས་དང་པོའང་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཕྱོགས་སྟོན་སྣེ་ཁྲིད་འོག་ཀྲུང་ཨུའི་འབྲེལ་བ་མུ་མཐུད་ཡང་དག་པའི་སྲོལ་ལམ་ཐོག་རྒྱུན་མཐུད་འཕེལ་རྒྱས་བཏང་ནས་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་རྒྱ་ཁྱབ་བྱེད་བཞིན་ཡོད།
ཀྲུང་ཨུའི་འབྲེལ་བའི་འཕེལ་རིམ་ལ་ཕྱིར་མིག་ལྟ་སྐབས་གཙོ་བདག་གིས་སྣེ་ཁྲིད་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་ལེགས་ཆ་ཆེ་ཤོས་དང་རྩ་བའི་འགན་ལེན་ཞིག་རེད། 2013ལོ་ནས་བཟུང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ས་གནས་མི་འདྲ་བར་མཇལ་འཛོམས་ཐེངས་40ལྷག་ཙམ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་འཆར་གཞི་བཀོད་པ་དང་སྐུ་ངོ་མའི་སྐུལ་འདེད་འོག་ཀྲུང་ཨུའི་འབྲེལ་བ་ཉིན་རེ་བཞིན་བག་ཕེབས་རང་རྟོན་དང་བརྟན་ལྷིང་སྲ་བརྟན་གྱི་སྒོ་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད་ལ། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ཐེངས་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ནས། དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་མཐོ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་དྲང་ནུས་སྣོན་ངེས་རེད།
ཡུན་རིང་གི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཁེ་མཉམ་ལས་དང་གཉིས་ཕན་བཅས་ནི་ཀྲུང་ཨུའི་འབྲེལ་བའི་ཆེས་ངོ་བོའི་ཁྱད་ཆོས་ཤིག་རེད། འདི་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་དང་།《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》བཞག་ནས་ལོ་25འཁོར་བའི་ལོ་ཡིན་ལ“ཀྲུང་ཨུའི་སློབ་གསོའི་ལོ”འགོ་ཚུགས་པའི་ལོ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱི་གོ་སྐབས་གསར་པར་སྟངས་འཛིན་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཁྱབ་ཁོངས་ཁག་དང་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་ཨུ་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཏུ་ཕྱིན་པ་དང་། གཙོ་གནད་ཁྱབ་ཁོངས་སུ་མཉམ་ལས་མང་དུ་ཕྱིན་པ། ས་གནས་དབར་གྱི་མཉམ་ལས་གསོན་ཤུགས་རྒྱུན་མཐུད་འཕེལ་བ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱོན་ཡོངས་ནས་རྒྱ་ཆེར་ཕྱིན་པ་བཅས་ལས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འདི་ལོ་འགོ་ཚུགས་པའི“ཀྲུང་ཨུའི་སློབ་གསོའི་ལོ”ནི་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་རིམ་པའི་བརྗོད་དོན་གཙོ་བོའི་ལོ་བཅུ་པ་དེ་ཡིན་པས་ཕྱོགས་གཉིས་པོའི་དམངས་སེམས་གཅིག་མཐུན་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱ་ཆེད་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
ཟང་ཟིང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་ཨུའི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་གལ་འགངས་ཤིན་ཏུ་ཆེ། དེ་ནི་རྒྱལ་ཁབ་གཉིས་པོ་དར་རྒྱས་འགྲོ་བའི་སྲ་ཞིང་བརྟན་པའི་འགན་ལེན་ཡིན་ལ། དེས་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་དྲང་ནུས་ཀྱང་བསྣན་ཡོད། ལོ་མང་རིང་། འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕན་ནུས་གཙོ་བོ་སྲུང་སྐྱོང་བྱ་ཆེད“ཀྲུང་ཨུའི་སྟོབས་ཤུགས”སྐྱེས་སུ་ཕུལ་བ་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཛུགས་སྐྱོང་བྱ་ཆེད“ཀྲུང་ཨུའི་ཐབས་ལམ”ཆགས་པར་བྱས་པ། འདྲ་མཉམ་དང་བརྒྱུད་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་འཛུགས་སྐྱོང་བྱ་ཆེད“ཀྲུང་ཨུའི་སྒུལ་ནུས”བཅས་བསྣན་ཡོད། ན་ནིང་གི་ཟླ་དགུ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟབ་ནན་ངང“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་གནང་བ་དང་། ཙུང་ཐུང་ཕུའུ་ཅིང་གིས་ཚོགས་འདུའི་རིང་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་གདེང་འཇོག་གང་ལེགས་གནང་བ་དང་སྦྲགས། གྲོས་འགོ་དེར་ཨུ་རུ་སུ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་ཁ་གསལ་བཏོན་ཡོད། ད་ལོ་ནས་བཟུང་། རྒྱལ་སྤྱིའི་གནས་བབ་སྔར་བས་ཟང་ཟིང་དུ་གྱུར་པས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་དེ་བས་དམ་ཟབ་དང་དེ་བས་ནུས་ལྡན་གྱི་འཐབ་ཇུས་མཉམ་ལས་དང་བྱས་རྗེས་དེ་བས་ཧུར་ཐག་འཇོག་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད།
མིག་སྔར། ཀྲུང་ཨུའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དག་དོན་འཁྱོལ་ཏན་ཏིག་བྱས་ནས། ཀྲུང་ཨུའི་འབྲེལ་བ་དེ་བས་གཏིང་ཟབ་ཅིང་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།