འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་22ཉིན།

༄༅།།ཕྱི་འབྲེལ་པུས་བརྗོད་དོན།རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཨུའི་མི་རབས་ནས་མི་རབས་
བར་གྱི་མཛའ་གྲོགས་འབྲེལ་བ་དམངས་སེམས་སུ་གཏིང་ཟབ་ཟུག་པའི་ཡིད་ཆེས་ཡོད།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་22ཉིན། 09:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་ཨུའི་མཛའ་གྲོགས་འབྲེལ་བའི་འབྲེལ་ཡོད་བརྟག་དཔྱད་འདྲི་ཤོག་སྐོར་གྱི་དྲི་བར་ལན་འདེབས་སྐབས། བརྟག་དཔྱད་བྱས་འབྲས་དེ་ལས་རྒྱལ་ཁབ་གཉིས་དབར་མཛའ་གྲོགས་འཆམ་མཐུན་ཡོང་རྒྱུའི་དམངས་ཀྱི་བསམ་འདུན་དང་ལྷག་པར་དུ་གཞོན་ནུ་མི་རབས་ཀྱིས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བསམ་འདུན་བཟང་པོ་འཆང་བ་མཚོན་གྱི་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཨུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འབྲེལ་བ་སྔར་བས་དམངས་སེམས་སུ་གཏིང་ཟབ་ཟུག་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    གསར་འགོད་པས་དྲིས་དོན། ཉེ་ཆར་ཀྲུང་ཨུའི་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་གྱི་ཕྱོགས་གཉིས་ཀྱི་སློབ་གསོ་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ལོ་18ནས་35བར་གྱི་གཞོན་ནུའི་ཁྲོད་དུ“ཀྲུང་ཨུའི་གཞོན་ནུའི་མཛའ་གྲོགས་དང་རིག་གནས་སྤེལ་རེས་ཀྱི་བརྟག་དཔྱད་འདྲི་ཤོག”གི་བྱེད་སྒོ་སྤེལ་ཡོད། ཉིན་ཤས་གོང་ཀྲུང་གོ་མི་དམངས་སློབ་ཆེན་གོ་ལ་ཧྲིལ་པོའི་དམངས་ཀྱི་བསམ་འདུན་བརྟག་དཔྱད་ལྟེ་གནས་ཀྱིས་དེའི་ཐད་བརྟག་དཔྱད་སྙན་ཞུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཀྲུང་ཨུའི་གཞོན་ནུ་བཅུ་ཆ་བརྒྱད་ལྷག་ཙམ་གྱིས་ཀྲུང་ཨུའི་འབྲེལ་བ་ཡག་པོ་ཡོད་པའི་ངོས་འཛིན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་གདེང་འཇོག་གང་འདྲ་བྱེད་རྩིས་ཡོད་དམ།

     ཀུའོ་ཅ་ཁུན་གྱིས་བརྟག་དཔྱད་བྱས་འབྲས་དེ་ལས་རྒྱལ་ཁབ་གཉིས་པོ་མཛའ་གྲོགས་འཆམ་མཐུན་ཡོང་རྒྱུའི་དམངས་ཀྱི་བསམ་འདུན་དང་ལྷག་པར་དུ་གཞོན་ནུ་མི་རབས་ཀྱིས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བསམ་འདུན་བཟང་པོ་འཆང་བ་མཚོན་གྱི་ཡོད། དེ་ལས་ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་པོར་སླེབས་པ་མངོན་གྱི་ཡོད་ཅེས་བརྗོད་པ་རེད།