གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་20ཉིན། 12:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྟོབས་ཤུགས་དང་ནུས་པ་ནི་གྲངས་འབོར་ལ་རག་ལས་ཡོད་ལ་སྤུས་ཚད་ལའང་རག་ལས་ཡོད། འོན་ཀྱང་སྤུས་ཚད་ནི་འགག་རྩ་ཡིན་ལ་དེ་བས་གལ་འགངས་ཆེ་བ་ཡོད། འཛམ་གླིང་ཐོག་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྲག་ཏུ་འཁུར་བའི་རླབས་ཆེན་གྱི་འགན་འཁྲི་དང་འཕྲད་པའི་ཏང་ཆེན་པོའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཚང་མས་ཏང་ཡོན་ལ་ཚད་གཞི་དང་ཆ་རྐྱེན་དེ་བས་མཐོ་བ་བཏོན་ཡོད། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་ཞིབ་སྲོལ》བཀྲམ་པ་རེད། 《ཞིབ་སྲོལ》ནང་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བཅས་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཐད་ཕྱོགས་ཡོངས་ནས་གཏན་འབེབས་གསར་པ་བཟོས་ནས། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་རུ་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།
ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ནི་གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས་ལྡན་པའི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་འཐབ་འཛིང་པ་ཡིན། ཏང་ཡོན་འཕེལ་རྒྱས་གཏོང་བའི་ནང་ཆབ་སྲིད་ཀྱི་ཚད་གཞི་ནི་ཚད་གཞི་ཨང་དང་པོ་ཡིན་ཞིང་། ཚད་གཞི་དེ་མ་ལོན་ན་ཚད་གཞི་གཞན་དག་ཚང་མ་ལོན་མི་ཐུབ། 《ཞིབ་སྲོལ》ནང“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བླང་བྱ་ནན་བཤད་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ཀྱི་གཤིས་རྒྱུད་གཙང་བའི་ཏང་ཡོན་འཕེལ་རྒྱས་གཏོང་དགོས་པ་བཏོན་པ་དང་། སེམས་གཏིང་ནས་ཏང་ནང་ཞུགས་དགོས་པའི་ནན་བཤད་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དེ་གསོ་སྐྱོང་སློབ་གསོ་རྟོག་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱེད་པ་དང་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས། ཏང་གི་ལོ་རྒྱུས་སོགས་གསོ་སྐྱོང་སློབ་གསོའི་ནང་དོན་ནང་བཅུག་ནས་ཏང་ཞུགས་ཧུར་བརྩོན་ཅན་ལ་གུང་ཁྲན་ཏང་མིའི་དད་མོས་དང་དད་སེམས་ངོ་སྤྲོད་དང་འགྲེལ་བཤད་རྒྱག་དགོས་པ། ཆབ་སྲིད་ཀྱི་ཞིབ་བཤེར་ནན་པོ་བྱ་རྒྱུ་ནན་བཤད་བྱས་ཏེ་འཕེལ་རྒྱས་གཏོང་ཡུལ་གྱི་ཏང་ཞུགས་ཀུན་སློང་དང་། ཆབ་སྲིད་ཀྱི་བྱང་ཚད། བྱ་སྤྱོད་དངོས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་ནན་པོ་བྱེད་དགོས་པ་དང་། རྫོང་རིམ་པའི་ཏང་ཨུད་རྩ་འཛུགས་སྡེ་ཚན་དང་སྒྲིག་བསྟར་ཁྲིམས་སྒྱུར་སོགས་འབྲེལ་ཡོད་སྡེ་ཚན་ལ་སྲིད་ཞིབ་མཉམ་བཤེར་ལམ་ལུགས་འཛུགས་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། གཏན་འབེབས་གསར་པ་དང་བླང་བྱ་གསར་པ་འདི་དག་གི་དམིགས་ཡུལ་ནི་འཇུག་སྒོ་ནན་སྲུང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་ཏང་ཡོན་གྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། མི་བཟང་པོའི་ཚད་གཞི་དང་འཇོན་ཐང་ཅན་གྱི་ཚད་གཞིས་ཆབ་སྲིད་ཀྱི་ཚད་གཞིའི་ཚབ་བྱེད་རིགས་སྔོན་འགོག་བྱེད་པ། ཆབ་སྲིད་ཐད་ཚད་མ་ལོན་པ་དང་ཏང་ནང་གཡོ་འཛུལ་གྱིས་ཁེ་ཕན་གཉེར་མཁན་དེ་དག་འཇུག་སྒོ་ནས་མཐའ་གཅིག་ཏུ་འགོག་ཆེད་རེད།
གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། ཏང་ཡོན་ནི་ཏང་གི་ལུས་ཕུང་གི་ཕྲ་ཕུང་ལྟ་བུ་ཡིན་ཞིང་། གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་སྤུས་ཚད་ཡག་ཉེས་དེ་ཏང་གི་ལུས་ཕུང་བདེ་ཐང་དང་སྐྱེ་སྟོབས་འབར་བ་དང་འབྲེལ་བ་ཡོད་པ་དང་མི་དམངས་མང་ཚོགས་ཁྲོད་ཀྱི་ཏང་གི་གཟུགས་བརྙན་དང་སྙན་གྲགས་དང་འབྲེལ་བ་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《ཞིབ་སྲོལ》ནང་ཏང་ཡོན་འཕེལ་རྒྱས་གཏོང་བའི་གོ་རིམ་སྔར་བས་ལེགས་སུ་བཏང་ནས་ཏང་ཞུགས་ཧུར་བརྩོན་ཅན་གཏན་འཁེལ་དང་གསོ་སྐྱོང་སློབ་གསོ་དང་། འཕེལ་རྒྱས་གཏོང་ཡུལ་གཏན་འཁེལ་དང་རྟོག་ཞིབ། གྲ་སྒྲིག་ཏང་ཡོན་བསྡུ་བ་དང་། སློབ་གསོ་རྟོག་ཞིབ། དངོས་གཞིར་སྒྱུར་བ་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་གསར་པ་བཏོན་པ་དང་། ཏང་ཞུགས་རེ་ཞུ་འབུལ་ཆོག་པའི་ཏང་རྩ་འཛུགས་རིགས་དབྱེ་ཁ་གསལ་བཟོས་པ། འབྲེལ་གཏུག་པ་དང་ཏང་ཞུགས་ངོ་སྤྲོད་པ་གསོ་སྐྱོང་བྱེད་པའི་ཚད་གཞིའི་ཆ་རྐྱེན་ཁ་གསལ་བཟོས་པ། ཏང་ཞུགས་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་གྱི་ཐོ་འགོད་གོ་རིམ་ཁ་གསལ་བཟོས་པ། འཕེལ་རྒྱས་གཏོང་ཡུལ་འདེམས་པའི་ཆ་འཕྲིན་ཡོངས་བསྒྲགས་སོགས་ལ་བླང་བྱ་བཏོན་ཡོད། གཏན་འབེབས་བླང་བྱ་དེ་དག་ནི་དུས་ཡུན་རིང་པོ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཡོན་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་ཆོས་ཉིད་རང་བཞིན་གྱི་ཕྱོགས་སྡོམ་ཞིག་དང་། གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་སྤུས་ཚད་འགན་ལེན་བྱེད་པའི་ལམ་ལུགས་དང་ལམ་སྲོལ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་དོན་འཁྱོལ་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས་པ་ལས་འཐེན་སྐུམ་དང་འགྱུར་བ་གཏན་ནས་གཏོང་མི་རུང་ལ། ཕྱི་ཚུལ་རིང་ལུགས་དང་ཁྲལ་སེལ་སླ་བཅོས་དེ་བས་ཀྱང་བྱེད་མི་རུང་།
ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ནི་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་གལ་ཆེན་ཞིག་དང་། ཏང་རྩ་འཛུགས་ཀྱི་རྒྱུན་ལྡན་རང་བཞིན་གྱི་ལས་འགན་ཞིག་ཡིན། 《ཞིབ་སྲོལ》ནང་ཏང་ཡོན་འཕེལ་རྒྱས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་དམིགས་ནས་རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་རྩ་འཛུགས་སྡེ་ཚན་གྱི་འགན་འཁྲི་དང་ལས་འགན་ཞིབ་ཕྲ་བཟོས་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་འགན་འཁུར་བ་དང་པོའི་འགན་འཁྲི་ཏན་ཏིག་འཁུར་དགོས། གྲངས་འབོར་དང་སྤུས་ཚད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་སྤུས་ཚད་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་གཙོ་གནད་དེ་གསོ་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཏང་ནང་ཞུགས་པའི་ཀུན་སློང་ཡོ་བསྲང་བྱེད་པ། བསམ་བློ་ཏང་ནང་ཞུགས་པར་ཤུགས་སྣོན་རྒྱག་པ་སོགས་རྨང་གཞིའི་རང་བཞིན་གྱི་ལས་ཀའི་ཐོག་འཇོག་དགོས། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གཞོན་ནུ་དང་། ཐོན་ལས་བཟོ་པ། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བར་སྣང་ཆེན་བྱེད་པ། གསར་དར་ཁྱབ་ཁོངས་ནང་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། ཕྱོགས་ཁག་གི་སྔོན་ཐོན་མི་སྣ་རྒྱུན་ཆད་མེད་པར་ཏང་ནང་བསྡུ་བ། ཏང་གི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ནས་ཏང་གི་འབོད་སྐུལ་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་ཡོན་འཕེལ་རྒྱས་ལས་དོན་ཁྲོད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། གཏན་འབེབས་ལས་འགལ་ནས་ཏང་ནང་བསྡུ་བ་དང་ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པ་ཡིན་རིགས་ལ་ཏང་ཡོན་གྱི་ཐོབ་ཐང་མི་སྤྲོད་པར་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་དེ་ཏང་གི་བྱ་གཞག་གཅིག་རྒྱུན་གཅིག་འཛིན་དང་ཤུལ་འཛིན་མཁན་ཡོད་པ་དང་འབྲེལ་བ་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། 《ཞིབ་སྲོལ》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་ཡག་པོ་བྱེད་པ། ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱེད་པ། གོ་རིམ་ནན་དུ་གཏོང་བ་དང་། འགག་སྒོ་ནན་པོ་སྲུང་བ། སྒྲིག་ཁྲིམས་ནན་དུ་གཏོང་བ། གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་སྤུས་ཚད་དེ་བས་ལེགས་པའི་སྒོ་ནས་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཏང་ཡོན་གྱི་དཔུང་ཁག་རྒྱུན་མཐུད་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཕྱིར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།