འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་20ཉིན།

༄༅།།བརྡ་སྒྲོན་ལེགས་སྒྲིག་བྱས་པས་གངས་ལྗོངས་གནའ་གྲོང་གི་འགྲིམ་འགྲུལ་ཤར་བགྲོད་ལེགས་སུ་ཕྱིན་པ།

——བོད་ལྗོངས་ལྷ་སའི“འགྲིམ་འགྲུལ་ཤར་བགྲོད་སྟོན་གྲངས”རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་20ཉིན། 09:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི“འགྲིམ་འགྲུལ་ཤར་བགྲོད་སྟོན་གྲངས”རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་36ནས་་ཨང་དང་པོར་སླེབས་ནས་ས་ཁོངས་ཧྲིལ་པོའི་ཤར་བགྲོད་གྲོང་ཁྱེར་ལ་བདམས་པ་རེད། གྲུབ་འབྲས་དེ་ནི་གངས་ལྗོངས་ས་མཐོ་བརྟན་སྲུང་བྱེད་མཁན་འགྲིམ་འགྲུལ་ཉེན་རྟོག་དཔུང་ཁག་ཅིག་དང་ཁ་འབྲལ་ཐབས་མེད། ཁོང་ཚོས་བཅོས་སྒྲིག་ཞིབ་ཚགས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་ལས་གནས་བརྟན་སྲུང་དང་ལས་ལ་ཧུར་ཐག་གཞོལ་ནས་འགྲིམ་འགྲུལ་བཅོས་སྒྲིག་གི་དཀའ་གནད་སྣ་ཚོགས་བསལ་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་གནད་སྨིན་ཇུས་བསྟར་མཐའ་འཁྱོངས་ཀྱིས“ལམ་མདོ་རེར་ཇུས་གཞི་རེ། དུས་མཚམས་རེར་ཐབས་ཇུས་རེའི”ལེགས་སྒྲིག་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་དང་འགྲོ་ལམ་གྱི་དངོས་ཡོད་སྐྱོད་ཚད་ལ་དམིགས་ཏེ་འགྲིམ་འགྲུལ་བརྡ་སྒྲོན་གྱི་དོ་དམ་རྒྱུན་མཐུད་ལེགས་སུ་བཏང་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་ལམ་མདོའི་བརྡ་སྒྲོན་ལེགས་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པས་མང་ཚོགས་ཀྱི་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་དང་བློ་བདེ་རུ་ཕྱིན་པ་རེད།

   ད་ལོའི་ཟླ་3པའི་ཟླ་འགོར། ལྷ་ས་གྲོང་ཁྱེར་དུ་ལས་མི་ཚུར་ལོག་དང་སློབ་མ་སློབ་གྲྭར་ལོག་མང་བའི་དུས་སུ་སླེབས་པས་ལམ་མདོ་ཁག་དང་དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་འགྲིམ་འགྲུལ་སྒྲིག་ལམ་ལའང་འགྱུར་ལྡོག་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་སློབ་གྲྭའི་མཐའ་འཁོར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་གནས་སྐབས་རླངས་འཁོར་འཇོག་ས་འཆར་འགོད་བྱས་པ་དང་། སློབ་ཚུགས་སློབ་གྲོལ་དུས་མཚམས་ཀྱི་འཚང་ཁ་ཆུང་དུ་གཏོང་ཆེད། ཉིན་ལྟར་དགོང་ཞོགས་རླངས་འཁོར་མང་བའི་སྐབས་སུ་མི་དམངས་ཉེན་རྟོག་པས་སློབ་གྲྭའི་སྒོ་འགྲམ་དུ་རླངས་འཁོར་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། སློབ་འགོ་ཚུགས་པའི་གཟའ་འཁོར་དང་པོར་མི་དམངས་ཉེན་རྟོག་པ་ཚོ་སློབ་ཁང་དུ་ཡོང་ནས་ཕྲུ་གུ་ཚོར་གསོན་ཉམས་དོད་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཁྲིད་དེ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་བཏང་བ་རེད།

    དེ་དང་འདྲ་བར་ད་ལོའི་ཟླ་2པའི་ཟླ་མཇུག་ཏུ། ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་ལམ་མདོའི་བརྡ་སྒྲོན་ལའང་འགྱུར་ལྡོག་ཕྱིན་ནས་སྒུག་པའི་དུས་ཚོད་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པ་དང་འཁོར་རྒྱུན་དེ་སྔ་ལས་བདེ་བླག་བྱུང་ཡོད།

     དེ་ནི་དམིགས་བསལ་གྱི“ཕྱི་ཕྱོགས་རོགས་སྐྱོར”ཚོགས་པ་ཞིག་གི་རོགས་རམ་ལས་བྱུང་བའི་གྲུབ་འབྲས་ཤིག་རེད། ད་ལོའི་ལོ་འགོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་པེ་ཅིང་པེ་ཏ་ཆན་ཧྥང་དང་། ཆིང་ཏའོ་འགྲིམ་འགྲུལ་དོ་དམ་རིགས་གཅིག་མཁས་ཅན་ཚོགས་པ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག་ཏུ་གནས་སྦྱར་བྱས་པའི་རིགས་གཅིག་མཁས་ཅན་བཅས་གདན་དྲངས་ནས་གྲོང་ཁྱེར་གྱི་བརྡ་སྒྲོན་ལེགས་བཅོས་བྱས་པ་དང་རིམ་རྩིས་བརྒྱབ་ན་བརྡ་སྒྲོན་ཁག་150ལྷག་ཙམ་ལེགས་སྒྲིག་བྱས་པ་རེད།

    གྲངས་གཞི་ལས་ར་འཕྲོད་གསལ་པོ་བྱུང་བར། བཅིངས་འགྲོལ་ལམ་ནས་ཅང་སུའུ་ལམ་རྒྱུད་བར་གྱི་འགྲོ་ལམ་ཤར་གཏོང་ཐུབ་ཚད་15%མཐོ་རུ་ཕྱིན་པ་དང་། ལམ་མདོར་ཆ་སྙོམས་རླངས་འཁོར་འགོར་འགྱངས་12%ཆག་པ། བརྡ་སྒྲོན་སྒུག་པའི་དུས་ཚོད་ཆ་སྙོམས་སྐར་ཆ་20ཉུང་དུ་ཕྱིན་ཡོད། “དེ་སྔ་ནུབ་འདབས་ནས་ཤར་འདབས་བར་འགྲོ་འོང་བྱེད་པར་སྐར་མ་40འགོར་གྱི་ཡོད། ད་ཆ་སྐར་མ་20ཙམ་ལས་འགོར་གྱི་མེད”ཅེས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་གིས་གད་མོ་དགོད་བཞིན་དུ་བཤད།

    འགྲིམ་འགྲུལ་བདེ་འཇགས་ཡོང་བར་སྔོན་འགོག་གཙོ་བོར་འཛིན་དགོས། དུས་ཚིགས་དང་པོར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྫོང་དང་། རང་སྐྱོང་ལྗོངས། རྒྱལ་ཁབ། ཞིང་ཆེན་བཅས་ཀྱི་མ་ལམ་དང་མྱུར་བགྲོད་གཞུང་ལམ་དུ་གྲལ་བཤེར་བྱས་པ་རེད།

    སྐོར་ཞིབ་ཐེངས་གཅིག་བྱེད་རིང་། མི་དམངས་ཉེན་རྟོག་པས་གྲོང་གསེབ་ཀྱི་གཞུང་ལམ་ཞིག་གི་སྒྲོམ་སྐྱོར་ལ་གཏོར་སྐྱོན་ཤོར་བ་ཤེས་ནས་འཕྲལ་མར་གཏོར་སྐྱོན་ཤོར་ས་དེ་པར་བརྒྱབ་སྟེ་ཐོ་འགོད་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་པ་རེད། “མངོན་མེད་རྐྱེན་ངན་དེ་དག་ཉེན་ཁ་ཆེ་བས་ངེས་པར་དུ་རེ་རེ་བཞིན་གཙང་སེལ་ཡག་པོ་བྱེད་དགོས”ཞེས་གྲལ་བཤེར་བྱེད་འགན་འཁུར་མཁན་མི་དམངས་ཉེན་རྟོག་པས་བཤད། གྲལ་བཤེར་ཐུབ་པའི་གནད་དོན་ལ་དམིགས་ནས་ཉིང་ལག་རུ་ཁག་གིས“གནད་དོན་རེར་ཡིག་ཚགས་རེའི”རྩིས་ཁྲ་བཟོས་ཏེ་དག་ཐེར་དུས་བཀག་དང་འགན་འཁུར་བ་ཁ་གསལ་བཟོས་པ་དང་ཐོ་བསུབ་དོ་དམ་བྱས་པ་རེད།

     དུས་མཚུངས་གཙོ་གནད་ས་ཁོངས་ཀྱི་འགྲིམ་འགྲུལ་སྒྲིག་ལམ་ལེགས་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཁོངས་གཏོགས་ཁུལ་ཁག་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཉེན་རྟོག་ཞབས་ཞུའི་ས་ཚིགས་མཐའ་འཁོར་ལ་སྔ་ཞོགས་དགོང་གསུམ་གྱི་དུས་ཚོད་དབྱེ་ནས་སྐོར་གཡེང་བྱེད་ཐེངས་མང་དུ་བཏང་བ་དང་། མི་དམངས་ཉེན་རྟོག་པ་ཚོས“ངོ་ཐུག་གདོང་འཕྲད”ཀྱི་དྲིལ་བསྒྲགས་བྱས་པ། ཁྲོམ་གཞུང་རྒྱུད་དུ་ཡོད་པའི་ཚན་པར་སྒོ་འགྲམ་གྱི“འགན་ལེན་ལྔའི”ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ། སྒྲིག་འགལ་ངང་བཞག་པའི་འཁོར་རིགས་ཐེངས་བརྒྱ་ཕྲག་ཁ་ཤས་ཕྱིར་འབུད་བྱས་པ་སོགས་ལས། མཐའ་འཁོར་གྱི་འགྲིམ་འགྲུལ་སྒྲིག་ལམ་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད་པ་རེད།