འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་13ཉིན།

༄༅།།མཁའ་གྲུ་ཨང་བཅུ་པའི་ཟོག་འདྲེན་འཕུར་གྲུ་འཕེན་གཏོང་ལས་འགན་ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་13ཉིན། 08:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

      འདི་ག་ཚགས་པར་ཁང་དུ་ཝུན་ཁྲང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་5ཚེས་11ཉིན་གྱི་ཆུ་ཚོད་8དང་སྐར་མ་14ཡི་ཐོག་མཁའ་གྲུ་ཨང་བཅུ་པའི་ཟོག་འདྲེན་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་རྟགས་ཅན་བདུན་པའི་རྒྱང་ཚོར་ཨང་བཅུ་གཅིག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རང་རྒྱལ་གྱི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་མེ་སྤར་ནས་འཕེན་གཏོང་བྱས་པ་དང་། སྐར་མ་10ཙམ་སོང་རྗེས། མཁའ་གྲུ་ཨང་བཅུ་པའི་ཟོག་འདྲེན་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་བྲལ་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་སྐྱོད་པ་དང་དེ་རྗེས་འཕུར་གྲུའི་ཉི་འོད་ནུས་པའི་སྒྲོ་གཤོག་བསྐྱངས་ནས་ལས་ཀ་བདེ་བླག་ངང་བྱེད་ཐུབ་སྟེ་འཕེན་གཏོང་ལམ་ལྷོངས་བྱུང་བ་རེད།

     མཁའ་གྲུ་ཨང་བཅུ་པའི་ཟོག་འདྲེན་འཕུར་གྲུ་འཁོར་ལམ་དུ་འབྱོར་རྗེས་རྣམ་པ་བཀོད་སྒྲིག་བདེ་བླག་བྱུང་ནས་པེ་ཅིང་གི་དུས་ཚོད་ཟླ་5ཚེས་11ཉིན་གྱི་ཆུ་ཚོད་13དང་སྐར་མ་11ཐོག་བར་སྣང་ས་ཚིགས་ཀྱི་མཁའ་མཐུན་ལྟེ་ཚང་གི་མཇུག་གི་མཐུད་སྒོ་དང་འབྲེལ་མཐུད་བདེ་བླག་ཐུབ་པ་རེད། འབྲེལ་མཐུད་ཟིན་རྗེས་མཁའ་གྲུ་ཨང་བཅུ་པ་སྡེབ་སྒྲིག་གཟུགས་ཀྱི་འཕུར་སྐྱོད་དུས་མཚམས་སུ་བསྒྱུར་རྒྱུ་རེད། རྗེས་མཐུད་དུ་ལྷ་གྲུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གིས་མཁའ་གྲུ་ཨང་བཅུ་པའི་ཟོག་འདྲེན་འཕུར་གྲུར་བསྡད་དེ་འཆར་གཞི་ལྟར་དངོས་ཟོག་བརྒྱུད་འདྲེན་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

      ད་ཐེངས་ཀྱི་ལས་འགན་ནི་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་བར་སྣང་ས་ཚིགས་ཀྱི་ཉེར་སྤྱོད་དང་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་རྗེས་ཀྱི་ཟོག་འདྲེན་ཁ་གསབ་ཀྱི་ལས་འགན་སྒྲུབ་ཐེངས་ལྔ་པ་དང་། འདུ་འགོད་ཀྱི་རྣམ་གྲངས་བཙུགས་ནས་ལག་ལེན་བསྟར་ཚུན་འཕེན་གཏོང་ལས་འགན་སྒྲུབ་ཐེངས་སོ་དགུ་པ་དེ་ཡིན་ལ། རྒྱང་སྐྱོད་མུ་འབྲེལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་ཐེངས་641པ་དང་མཁའ་གྲུ་འཕུར་སྐྱོད་བྱེད་ཐེངས་བཅུ་པ་དེའང་རེད།