འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་7ཉིན།

གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་བཏང་སྟེ་བཟོ་ལས་ཀྱི་རྗེས་ཤུལ་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ཀྱི་བར་མཐོངས་གཏོད་པ།

༄༅།།ཧྲང་ཧའེ་ཧྥུའུ་ཤིང་གླིང་ཕྲན་གྱིས་གོ་ལ་ཧྲིལ་པོའི་གསར་གཏོད་པའི་ཡིད་དབང་བཀུག་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་07ཉིན། 14:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཧུང་པིང། ཅུས་ཡུན་ཕེང་།

ཟླ་5ཚེས་1ཉིན་དང་ཚེས་2ཉིན། རོལ་དབྱངས་བྱེད་སྒོ་ཞིག་ཧྲང་ཧའེ་གྲོང་ཁྱེར་ཧྥུའུ་ཤིང་གླིང་ཕྲན་དུ་སྤེལ་བ་རེད། ཧོང་ཕུའུ་གཙང་པོའི་ངོགས་ཀྱི་སྨི་ངོས་གྲུ་ཁྲི་12ཟིན་པའི་སྤྱི་པའི་བར་མཐོངས་སུ་རོལ་དབྱངས་དབྱིངས་པ་ཆིག་ཁྲི་ལྷག་ཙམ་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་ཡོད།

ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་གནས་པའི་ཧྥུའུ་ཤིང་གླིང་ཕྲན་ནི་ཧོང་ཕུའུ་གཙང་པོའི་ངོགས་ཀྱི་སྐམ་སའི་དབུས་ཁུལ་གྱི་གླིང་ཕྲན་འབའ་ཞིག་དེ་ཡིན་ཞིང་དེའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1.3ཙམ་ཡོད། དེ་ཡང་སྔོན་མ་ཧྲང་ཧའེ་ཡི་བཟོ་ལས་རྟེན་གཞི་དང་མཛོད་ཉར་ཁུལ་གལ་ཆེན་ཞིག་རེད་ལ། གྲུ་གཟིངས་བཟོ་བ་དང་། འབར་རྫས། མཛོད་ཉར་སོགས་ཐོན་ལས་གཅིག་སྡུད་ཁུལ་ཞིག་ཀྱང་རེད།

ཉེ་བའི་ལོ་ཤས་རིང། ལས་རིགས་དེ་དག་གྲོང་ཁུལ་ནས་རིམ་བཞིན་གནས་སྤོས་པ་དང་སྦྲགས། མཛོད་ཁང་རྙིང་པ་དང་། བཟོ་ཁང་། གྲུ་ཁའི་སྒྲིག་བཀོད་སོགས་བཟོ་ལས་ཀྱི་རྗེས་ཤུལ་འབོར་ཆེན་ལུས་ཡོད་པ་རེད། གླིང་ཕྲན་དུ་སྔོ་འགྱུར་ཁྱབ་ཚད་60%ལྷག་ཙམ་ཟིན་པ་མ་ཟད། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱང་ཡོད་པ་དེར་གྲོང་ཁྱེར་འཚོལ་ཞིབ་ལ་དགའ་པོ་བྱེད་མཁན་ཁག་གཅིག་གཱ་ཐོ་འགོད་པར་ཡོང་གི་ཡོད་པ་རེད།

2024ལོའི་ལོ་མཇུག་ཏུ“ཧྲང་ཧའེ་ཚད་རྡུལ་གྲོང་ཁྱེར་གྱི་ཡུན་དུས་གསར་གཏོད་རྟེན་གཞི”ཧྥུའུ་ཤིང་གླིང་ཕྲན་དུ་སྤྱོད་འགོ་ཚུགས་པ་དང་བསྟུན་ནས་སྐབས་ཤིག་རིང་གྲོང་ཁྱེར་གྱི“བེད་མེད་དུ་ལུས་པའི”ས་ཁོངས་ཡིན་པའི་ཧྥུའུ་ཤིང་གླིང་ཕྲན་དེ་སླར་ཡང་ཧྲང་ཧའེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་མཐོང་ཆོས་སུ་གྱུར་ཡོད། ཧྥུའུ་ཤིང་གླིང་ཕྲན་ཡང་བཟོ་ལས་ཀྱི་རྗེས་ཤུལ་ཞིག་ནས་ཚན་རྩལ་གསར་གཏོད་ཀྱི་བར་མཐོངས་སུ་འགྱུར་འགོ་ཚུགས་ཡོད་པ་རེད།

ན་ནིང་ལོ་མཇུག་ཏུ། ཧྲང་ཧའེ་ཡིས《ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་དམིགས་ནས་གསོག་འབོར་བར་མཐོངས་ཀྱི་ཐོན་ཁུངས་འཁྲུག་ཏུ་གཏོང་བར་སྐུལ་འདེད་དང་ཧྥུའུ་ཤིང་གླིང་ཕྲན་གྱིས་རྒྱལ་སྤྱིའི་གསར་གཏོད་ལས་གཏོད་གཅིག་སྡུད་ཁུལ་གཏོད་པར་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ཐོན་ཁུངས་ཀྱི་མཛུབ་ཁྲིད་བསམ་འཆར》གྱི་བརྡ་ཐོ་བཀྲམ་ནས། བར་མཐོངས་ཁྱབ་ཚུལ་དང་ཚན་རྩལ་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་སྙོམ་སྒྲིག་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ནས་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་དང་ཤེས་ལྡན་པ་གྲོང་ཁྱེར་ཆེན་པོ་ཁུལ་དུ་ལོག་པར་ཁྲིད་སྟོན་བྱས་ཏེ་འབྱུང་འགྱུར་ལ་ཕྱོགས་པ་དང་། མི་རྣམས་ཡིད་སྨོན་བྱེད་པ། ཉེ་སའི་ཡིད་འཚེངས་ན་རྒྱང་སའི་སེམས་འགུག་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་གསར་གཏོད་གླིང་ཕྲན་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

ཧྥུའུ་ཤིང་གླིང་ཕྲན་གྱི་མཐའ་འཁོར་དུ་ཧྥུའུ་ཏན་དང་། ཐུང་ཅི། ཧྲང་ཧའེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སོགས་མཐོ་སློབ་10ལྷག་ཙམ་ཡོད་པ་མ་ཟད། དྲ་སྦྲེལ་ལས་སྟེགས་ཁེ་ལས་ཁག་གཅིག་ཀྱང་དབྱང་ཕུའུ་པིན་གཙང་པོའི་རྒྱུད་དུ་བཀོད་སྒྲིག་བྱས་ནས་ཁེ་ལས་སྔ་ཕྱི་བསྡུ་འཛོམས་བྱ་རྒྱུའི་ཡིད་དབང་བཀུག་ཡོད། “སློབ་ཆེན”དང“བཟོ་གྲྭ་ཆེན་པོའི”དབར་མཉམ་འགུལ་བྱས་པ་དེས་གཞོན་ནུ་དེ་བས་མང་བ་གསར་གཏོད་ལས་གཏོད་ནང་ཞུགས་པའི་སྤྲོ་སེམས་འཕེལ་ཡོད་པ་རེད།

ཧྲང་ཧའེ་གྲོང་ཁྱེར་དང་དབྱང་ཕུའུ་ཆུས་རིམ་པ་གཉིས་ཀྱིས་ཧྥུའུ་ཤིང་གླིང་ཕྲན་གྱི་གསར་གཏོད་ལས་གཏོད་གཅིག་སྡུད་ཁུལ་ལ་འཁོར་འབྲེལ་ཧྲིལ་པོ་དང་དུས་འཁོར་ཧྲིལ་པོའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་བཙུགས་པ་རེད། བཟོ་ལས་བཟོ་ཁང་གསོག་འབོར་གང་མགྱོགས་འཁྲུག་ཏུ་བཏང་ནས་གསར་གཏོད་བྱེད་པོར་བོགས་དངུལ་གཟིགས་སྐྱོང་གི་གཞུང་དོན་སྒྲུབ་ཡུལ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱིས་ད་དུང་གསར་གཏོད་པའི་ལས་ཤག་2500དུས་གཅིག་ཏུ་བཏོད་ནས་གསར་གཏོད་ཤེས་ལྡན་པར་བདེ་སྡོད་ཀྱི་ཞབས་འདེགས་ཞུས་ཡོད་པ་རེད།

མིག་སྔར། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྐྱོང་སྤེལ་ཚན་པ་12དང་གསར་གཏོད་ལས་གཏོད་ཁེ་ལས་14ཧྥུའུ་ཤིང་གླིང་ཕྲན་དུ་དངོས་སུ་བཅའ་སྡོད་བྱས་ཡོད་པ་རེད།