ད་དུང་གནས་ཚུལ་ལ་གཞིགས་ནས་དགོས་ངེས་ཀྱི་ཆད་གཅོད་བྱེད་ཐབས་མཐའ་དག་སྤྱོད་རྒྱུ་ཡིན་ཞེས་བརྗོད་པ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་02ཉིན། 14:20】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། ཕྱི་འབྲེལ་པུས་རི་པིན་རྒྱལ་ཚོགས་ཀྱི་གྲོས་མི་ཀུའུ་ཝུའུ་ཀུའེ་སིར་ཟློག་ལན་སློག་པའི་བྱེད་ཐབས་སྤྱོད་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ནང་གི་གཙོ་རྐང་དང་། བརྒལ་མི་རུང་བའི་དམར་ཐིག་ཅིག་ཡིན། ཀུའུ་ཝུའུ་ཀུའེ་སིས་ཀྲུང་གོའི་ཐའེ་དབན་ས་ཁུལ་ལ་ཕྱོགས་མྱུལ་ངན་འབྲེལ་བྱས་པར་ཀྲུང་གོ་ཕྱོགས་ནས་རི་པིན་ཕྱོགས་ལ་སྐད་ཆ་ནན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
མའོ་ཉིང་གིས། རི་པིན་གྱི་འགོ་ཁྲིད་པས་ཐའེ་དབན་དང་འབྲེལ་བ་ཡོད་པའི་གཏམ་འཆལ་སྤེལ་རྗེས། ཀྲུང་གོ་ཕྱོགས་ཀྱིས་ལངས་ཕྱོགས་ནན་པོ་ཐེངས་མང་གསལ་བཤད་བྱས་མོད། འོན་ཀྱང་ཀུའུ་ཝུའུ་ཀུའེ་སི་ཡིས་སྔར་བཞིན་མཚམས་ཚོད་གཏན་ནས་མ་བྱས་པར“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་དང་མུ་མཐུད་ངན་པ་ལག་འབྲེལ་གྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱི་བདག་དབང་དང་སྲོག་ཤིང་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད། ཀུའུ་ཝུའུ་ཀུའེ་སི་ཡི་བྱེད་སྤྱོད་ངན་པར་དམིགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་བཀག་སྡོམ་ལ་ཟློག་ལན་སློག་པའི་བཅའ་ཁྲིམས》གཞིར་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་པུའི་བཀའ་རྒྱ་བཏང་ནས་ཟློག་ལན་སློག་ཐབས་ཁྱབ་བསྒྲགས་བྱས་ཏེ། དེར་ཆད་གཅོད་བསླབ་འདོམས་ནན་པོ་བྱས་ནས་དེར་མིག་ལྟོས་ངན་འགྲན་བྱེད་མཁན་ལ་ཕྱི་འདོམས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་དུང་གནས་ཚུལ་ལ་གཞིགས་ནས་དགོས་ངེས་ཀྱི་ཆད་གཅོད་བྱེད་ཐབས་མཐའ་དག་སྤྱོད་རྒྱུ་ཡིན་ཞེས་བརྗོད་པ་རེད།