འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་28ཉིན།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

༄༅།།བཟོ་བཅོས་བརྒྱབ་རྗེས་ཀྱི《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་28ཉིན། 11:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། 《སྲོལ་ཡིག》ལ་ཁྱོན་ལེའུ་7དང་དོན་ཚན་44ཡོད་པ་དང་བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ་གཤམ་གསལ་ཏེ།

གཅིག་ནི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། “ཕྱོགས་ཁག་མཉམ་ཞུགས”ཁ་སྣོན་བརྒྱབ་པ་དེ་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་རྩ་དོན་དུ་བརྩི་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་དོན་ཚན་ཁ་སྣོན་བརྒྱབ་པ་དེ་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ལ་བརྩི་དགོས། རྒྱང་ཚོར་ཚད་ལེན་སོགས་ཡོངས་ཁྱབ་ཞིབ་བཤེར་བྱ་ཐབས་གསར་པར་ཁ་སྣོན་བརྒྱབ་ནས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་སྲིད་འཛིན་ཟིན་ཐོ་དང་སྤྱི་ཚོགས་ཀྱི་གྲངས་གཞི་ཆེན་པོ་སོགས་ཀྱི་དཔྱད་ཡིག་གང་ལེགས་སྤྱོད་དགོས་པ་ཁ་གསལ་བཏོན་ཡོད།

གཉིས་ནི་གྲངས་གཞིའི་སྤུས་ཚད་ཚོད་འཛིན་དང་དཔྱད་ཡིག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱས་རྗེས་ཀྱི་སྤུས་ཚད་འཐེན་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱས་རྗེས་ཀྱི་སྤུས་ཚད་འཐེན་བཤེར་ཇུས་གཞི་བཟོ་བ་དང་། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱས་རྗེས་ཀྱི་སྤུས་ཚད་འཐེན་བཤེར་ལས་དོན་གཅིག་གྱུར་སྒྲིག་འཛུགས་བྱེད་པ་དང་འབྲེལ་འཐེན་བཤེར་བྱས་འབྲས་དེ་རྒྱལ་ཡོངས་དང་ས་གནས་ཁག་གི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིའི་སྤུས་ཚད་ལ་ཚོད་སྐོར་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས་པ་ཁ་གསལ་བཏོན་ཡོད། ཡོངས་ཁྱབ་ཞིབ་བཤེར་གཞུང་དོན་ཁང་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣའི་གསང་སྲུང་འོས་འགན་ཁ་གསལ་བཟོས་ནས་འབྲེལ་ཡོད་ཀྱི་གསང་བ་ཕྱིར་གྱར་གྱི་བྱེད་སྤྱོད་ལ་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་བྱ་རྒྱུ་ཡིན་པ་རེད། ཡོངས་ཁྱབ་ཞིབ་བཤེར་གཞུང་དོན་ཁང་གིས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་ཉར་ཚགས་དང་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་ཡིག་ཚགས་སུ་འཇུག་པ་དང་རྩིས་སྤྲོད་ཡག་པོ་བྱེད་པ་སོགས་ཀྱི་ཐད་གཏན་འབེབས་བཟོས་ཡོད།

གསུམ་ནི་གྲངས་གཞི་རྫུན་བཟོ་བྱེད་པར་དོགས་ཟོན་དང་ཉེས་ཆད་གཏོང་དགོས་ཤིང་། ཁྲིམས་འཛུགས་ཀྱི་དམིགས་ཡུལ་ནང་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིའི་བདེན་པ་བདེན་ཐུབ་རང་བཞིན་དང་ཆ་ཚང་རང་བཞིན་འགན་ལེན་བྱེད་པའི་བླང་བྱ་ཁ་སྣོན་བྱས་ཡོད། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་འགན་འཁུར་བས་བྱེད་ཐབས་གང་རུང་གི་ཐོག་ནས་ཡོངས་ཁྱབ་ཞིབ་བཤེར་གཞུང་དོན་ཁང་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣར་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་བཟོ་དང་བཟོ་བཅོས་རྒྱག་རྒྱུའི་རེ་བ་འདོན་མི་ཆོག འོག་རིམ་ཚན་པ་དང་དེའི་མི་སྣའམ་ཡང་ན་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་རྫུན་མ་འབྲི་བ་སོགས་མངོན་ལྐོག་གཉིས་བརྡ་གཏོང་མི་ཆོག་པའི་གཏན་འབེབས་ཁ་སྣོན་བརྒྱབ་ཡོད། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ལ་མཁོ་བའི་དཔྱད་ཡིག་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས་པ་ལས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་མའམ་ཡང་ན་ཆ་ཚང་པོ་མེད་པའི་དཔྱད་ཡིག་མཁོ་འདོན་བྱེད་མི་ཆོག་པ་དང་། ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་ནར་འགྱངས་དང་གོང་འབུལ་མི་བྱེད་པ་སོགས་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད། ཡོངས་ཁྱབ་ཞིབ་བཤེར་གཞུང་དོན་ཁང་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་ཇི་མ་ཇི་བཞིན་བསྡུ་རུབ་དང་གོང་འབུལ་ཞུ་དགོས་པ་ལས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་བཟོ་དང་བཟོ་བཅོས་རྒྱག་མི་ཆོག བྱ་ཐབས་གང་རུང་ལ་བརྟེན་ནས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་མ་སོགས་མཁོ་འདོན་བྱེད་དགོས་པའི་རེ་བ་འདོན་མི་ཆོག ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྲོད་ཀྱི་མི་བདེན་རྫུན་སྒྲིག་སོགས་བསྡོམས་རྩིས་རྫུན་བཟོ་བྱས་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་། དངུལ་ཆད་མཐོ་རུ་གཏོང་རྒྱུ། ཆད་པ་གཅོད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་བྱེད་པ་དང་ཐ་ན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་ལུགས་ཁ་གསལ་བཏོན་ཡོད།