འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་28ཉིན།

༄༅།།གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།

—— རྒྱལ་ཡོངས་ཚོགས་འདུ་གཉིས་རིང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་རིམ་སྤེལ་དཔྱད་གླེང་གསུམ་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་28ཉིན། 11:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།

ཐུན་མོང་འབྱོར་ཕྱུག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་ནི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད།

2026ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲོད་བསྟེན་བདེ་ཐང་དང་། ལས་ཞུགས་ཡོང་འབབ། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ་སོགས་ཀྱི་དམངས་འཚོའི་གྲོས་དོན་ལ་རྒྱས་བཤད་གཏིང་ཟབ་གནང་སྟེ “ཇི་ལྟར་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པར”དམིགས་པ་ནས“སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་པ་དང་སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་གཏོད་པའི” བར། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ལག་ལེན་གྱི་ཐབས་ལམ་གསལ་སྟོན་གནང་ཡོད།

—— བདེ་འཇགས་དྲ་བ་ཚགས་དམ་དུ་བཏང་ནས་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་དགོས།

སྤྱི་ཚོགས་འགན་སྲུང་ནི་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་དྲང་གཞག་སྲུང་སྐྱོང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཀྱི་གཞི་རྩའི་ལམ་ལུགས་ཀྱི་འགན་ལེན་ཞིག་རེད་ལ། ཡོང་འབབ་བསྐྱར་དུ་བགོ་འགྲེམས་རྒྱག་པ་དང་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་རྒྱུན་མཐུད་ཤུགས་བརྒྱབ་ནས་སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་ཚགས་དམ་དུ་བཏང་སྟེ། མི་དམངས་ཀྱི་འཚོ་བ་བདེ་འཇགས་ཡོང་བར་འདེགས་སྐྱོར་བྱེད་དགོས”ཞེས་གསུང་མྱོང་ཡོད།

རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། རྒན་རྒོན་ན་རྒས་ཅན་དང་བུ་ཕྲུག་ཉུང་དུ་ཕྱིན་པ་དང་བསྟུན་ཏེ། ཇི་ལྟར་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་སོགས་ཐག་གཅོད་བྱེད་དགོས་པའི་གནད་དོན་གསར་པ་བཏོན་གནང་ཡོད།

ལོ་མང་རིང་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་དུ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་དང་། ནུས་པ་ཆ་ཚང་ཤོས། ཀྲུང་གོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཅིག་བཙུགས་ཡོད། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར་དང་ལས་རྨས་འགན་བཅོལ་བཅས་ཀྱི་ནང་ཞུགས་མཁན་མི་དུང་ཕྱུར་10.76དང་། མི་དུང་ཕྱུར་13.31 མི་དུང་ཕྱུར་2.49 མི་དུང་ཕྱུར་3.05བཅས་སོ་སོར་ཟིན་ཡོད་པ་རེད།

ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཆེད་བྱ་བ་དངོས་མང་ཙམ་སྒྲུབ་དགོས་ཞེས་ཁ་གསལ་བཏོན་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་ཟླ་རེའི་ཚད་གཞི་ནས་སྒོར་20སྤར་ཏེ་རྒན་རྒོན་དུང་ཕྱུར་1.8ལྷག་ཙམ་ལ་ཕན་པ་བསྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་སླར་ཡང་སྒོར་24སྤར་ནས་མི་རེར་ལོ་རེར་སྒོར་724ཟིན་ཡོད། སློབ་མའི་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་དགོས་རིགས་ལ་རོགས་དངུལ་སྤྲད་པ་སོགས། མ་དངུལ་འབོར་ཆེན་བཏང་ནས་སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་རྒྱུན་མཐུད་ཚགས་དམ་དུ་བཏང་ཡོད་པ་རེད།

མིག་སྔར། རང་རྒྱལ་ནི་མི་འབོར་ན་རྒས་ཅན་ལ་འགྱུར་མགྱོགས་སུ་འགྲོ་བའི་དུས་མཚམས་སུ་གནས་ཤིང་། ལོ་60ཡན་གྱི་མི་འབོར་དུང་ཕྱུར་3.2ལྷག་ཙམ་ཟིན་གྱི་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒན་གསོའི་བྱ་གཞག་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་པ་བཅས་ལ་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ཀུན་ཕན་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་གཏོང་བ”སོགས་བཀོད་སྒྲིག་རབ་དང་རིམ་པས་རྒན་རྒོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བར་འདེགས་སྐྱོར་བྱས་ཡོད།

—— གནད་སྨིན་ཇུས་བསྟར་གྱིས་ཞན་ཆ་བསལ་ཏེ་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཆེ་རུ་གཏོང་དགོས།

“དུས་བབ་གསར་པའི་འོག་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་དམངས་འཚོའི་ལས་དོན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། འགག་གནད་ཐག་གཅོད་དང་དཀའ་གནད་ཁྱད་བསད་ཤུགས་ཆེན་བྱས་ནས་ཐུན་མོང་འབྱོར་ཕྱུག་གི་ཐབས་ལམ་ཡངས་སུ་གཏོང་བའི་སྣེ་ཡག་པོ་ཁྲིད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་བཤད་གནང་བ་རེད།

ཟླ་3ཚེས་6ཉིན་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས། གངས་ལྗོངས་ས་མཐོ་ནས་ཡོང་བའི་ཨུ་ཡོན་གྱིས་ས་མཐོའི་ནད་འགོག་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་སྐོར་སྙན་སེང་ཞུས་པ་གསན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧ་ཅང་མཉེས་པོ་བྱུང་བ་དང་ས་གནས་དེ་གའི་སྨན་བཅོས་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་སྟེ“བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཐའ་མཚམས་ས་ཁུལ་གྱི་ཞན་ཆ་དེ་སེལ་དགོས”ཞེས་གསུངས་པ་རེད།

གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ནི་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པའི་ནང་གནས་བླང་བྱ་ཡིན་ལ། དེ་བས་འཕེལ་རྒྱས་དོ་སྙོམས་དང་ཆ་མི་ཚང་བའི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩའི་དམ་འཛིན་བྱ་གཞི་ཡང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་འཚོའི་ཞན་ཆ་སེལ་བ་དང་། དམངས་འཚོའི་དཀའ་གནད་སེལ་བ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་ནས། སྤྱི་པའི་ཞབས་ཞུའི་ཁྱབ་ནུས་རང་བཞིན་དང་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་རྒྱུན་མཐུད་དམིགས་རྒྱུ་ཡིན་ཞིང་། “རྒན་གཅིག་གཞོན་གཅིག”ལ་ཞབས་འདེགས་ཞུ་བའི་གནད་དོན་ལ་དམིགས་ཏེ། རྒན་གསོའི་སྒྲིག་གཞིའི་ནད་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་གྲངས་ཀྱི་དམིགས་ཚད་མང་དུ་གཏོང་རྒྱུ་དང་ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་བུ་བཅོལ་ཁང་དུ་བཅོལ་ཚད་མང་དུ་གཏོང་རྒྱུའི་དམིགས་ཚད་བཟོས་ཡོད་པ་རེད།

སློབ་གསོའི་ཐད། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་སྒྲིག་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ངལ་རྩོལ་ལོ་ཚད་ཀྱི་མི་འབོར་ལ་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་སླར་ཡང་ལོ་0.4མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤུས་ལེགས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་1000གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱ་རྒྱུ་རེད།

སྨན་བཅོས་འཕྲོད་བསྟེན་ཐད། སྤྱི་པའི་འཕྲོད་བསྟེན་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་དང་སྨན་བཅོས་སྒྲིག་གཞིའི་ནུས་པའི་ངེས་གནས་དང་བཀོད་པ་ལེགས་སུ་བཏང་སྟེ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་80བར་རིང་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

སྤྱི་ཚོགས་འགན་སྲུང་ཐད། སྤྱི་ཚོགས་འགན་སྲུང་གི་ཚད་འདེགས་རྒྱ་སྐྱེད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་རིམ་གྱིས་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་ལུགས་མཐུན་ངང་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།

—— ཀུན་ཕན་མཉམ་སྤྱོད་ཀྱིས་དྲང་གཞག་ལ་སྐུལ་འདེད་བཏང་ནས་ཐུན་མོང་འབྱོར་ཕྱུག་གི་རྨང་གཞི་བརྟན་དུ་གཏོང་དགོས།

“མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་ཐུན་མོང་འབྱོར་ཕྱུག་མཐའ་འཁྱོངས་བྱས་ནས། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་དྲང་གཞག་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ཏེ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་སྒོ་ནས་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་རེད།

ཐུན་མོང་འབྱོར་ཕྱུག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་རེད།

2023ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་རིམ་བཞིན་ཐུན་མོང་འབྱོར་ཕྱུག་སྐོར་གླེང་གནང་གི་ཡོད། ད་ལོ་སྤྱི་ཁྱབ་ཧྲུའུ་ཅིས་དཔལ་འབྱོར་ཞིང་ཆེན་ཆེན་པོར“གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་རིང་ཤུགས་རྒྱག་པ་དང་ཉམས་མྱོང་འདོན་དགོས”ཞེས་བླང་བྱ་བཏོན་གནང་བའི་ནང“མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱེད་དགོས”ཞེས་པ་ཚུད་ཡོད།

དུས་རབས་གསར་པ་ཤར་ཚུན། རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བཟུང་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། དྲང་གཞག་ཀུན་ཕན་དང་ཐ་སྐྱོང་འགན་སྲུང་གི་འདུ་ཤེས་སྲིད་ཇུས་ལག་ལེན་ནང་བཅུག་སྟེ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་ནས་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བའི་བར་དང་། ཁྱབ་རྒྱ་ཆེ་རུ་གཏོང་བ་ནས་གནད་སྨིན་ཇུས་བསྟར་བྱེད་པའི་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་སྒོ་ནས་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱས་ཡོད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་བས། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་ཕུགས་འདུན་བཟང་པོ་རེ་རེ་བཞིན་མངོན་འགྱུར་བྱུང་བཞིན་ཡོད།