གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་24ཉིན། 10:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་20ཉིན། 2026ལོའི་མཚོ་སྔོན་གྱི་ནགས་ལས་དང་རྩྭ་ཐང་ལས་དོན་ཚོགས་འདུ་འཚོགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བསམ་ཕྱོགས་དམིགས་ཚད་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་པ་དང་2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།
མཚོ་སྔོན་གྱིས་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་པའི་འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ཏེ་སྤུས་ལེགས་ལས་དར་དང་དམངས་ཕན་གྱི་གཙོ་གནད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲུང་དབྱང་གི་མ་འཇོག་སྔ་རྗེས་སུ་དོན་འཁྱོལ་བྱེད་ཚད“ལོ་ལྔ་ཚན་བཅུ་གསུམ་པ”ལས་46.6%འཕར་བ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་སྤྱི་གླིང་བཟོས་པ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་5དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན་1 འཛམ་གླིང་ས་གཤིས་སྤྱི་གླིང་1བཅས་གསར་དུ་བཙུགས་ཡོད། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཁོངས་སྔོ་འགྱུར་གྱི་ལོ་གསུམ་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས“བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་སྟེ། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་ས་ཁོངས་སྔོ་འགྱུར་མུའུ་ཁྲི་2813(མུའུ་1ལ་སྤྱི་ཆིང་0.067ཙམ)ལེགས་གྲུབ་བྱུང་བ་དང་། བྱེ་འགོག་བྱེ་འཇགས་མུའུ་ཁྲི་785.8བྱས་པ། འོས་འགན་ཤིང་སྡོང་རྐང་ཁྲི་8920བཙུགས་ཡོད། ཐོན་ཁུངས་སྲུང་སྐྱོང་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། གསའ་དང་དགོ་དམར་སོགས་རྩ་ཆེ་ལ་སྟོངས་ཉེའི་དངོས་རིགས་ཁྱུ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཆབས་ཅིག སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཁྲི་8.9ལྷག་ཙམ་བཀོད་སྒྲིག་བྱས་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་ཁག་ལ་དམིགས་ནས། མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་ཀྱིས“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཀྱི་ས་ཁོངས་སྔོ་འགྱུར་མུའུ་ཁྲི་2250དང“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་ལས་འགན་མུའུ་ཁྲི་2490ལེགས་གྲུབ་ཟིན་ཡོད། རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་ལེགས་སྒྱུར་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་འདམ་ར་སྲུང་སྐྱོང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། འདམ་ར་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་ཕྱིན་ཏེ་འདམ་རའི་རྒྱ་ཁྱོན་གཞི་རྩའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། ནགས་ལས་དང་རྩྭ་ཐང་གི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས། ལོ་རེའི་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཕོག་ཚད་དང་ནགས་ལས་དང་རྩྭ་ཐང་དུ་གནོད་ཅན་སྐྱེ་དངོས་ཀྱི་གནོད་འཚེ་ཕོག་ཚད་ཚང་མ་ཚོད་འཛིན་ནུས་ལྡན་ཐུབ་ཡོད།