འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་16ཉིན།

༄༅།།ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཁྱབ་སྤེལ་གཏོང་དགོས།

ཀྲེང་ཞི།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་16ཉིན། 10:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     རྒྱུན་ཆད་མེད་པའི་ལྟད་མོ་བ་རྟེན་མཛོད་དུ་སྐྱོད་པར་ལྟ་བཞིན། ཁོང་ཚོས་རིག་དངོས་ལ་རོལ་མྱོང་བྱེད་སྐབས་ཅི་ཞིག་མཐོང་བར་ངས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་བྱེད་བཞིན་ཡོད། ཁོང་ཚོས་ལོ་རྒྱུས་མཐོང་བ་སྨོས་མེད་ཡིན་མོད། འོན་ཀྱང་ཁོང་ཚོས་མཐོང་བ་ནི་ཕལ་ཆེར་ལོ་རྒྱུས་ཀྱི་ཤེས་བྱ་བྱེ་བྲག་ཙམ་ཡིན་པ་ལས་སྤྱི་ཡོངས་ཀྱི་ལོ་རྒྱུས་ལྟ་བ་ཡིན་མི་སྲིད།

     རྟེན་མཛོད་ཁང་ནི་ལོ་རྒྱུས་ཀྱི་ཤེས་བྱ་བྱེ་བྲག་འགྲེམ་སྟོན་བྱེད་ས་ཙམ་རེད་དམ་ཞེ་ན། དེ་ལྟར་མིན་ཞིང་། རྟེན་མཛོད་ཁང་ནི་ཡང་དག་པའི་ལོ་རྒྱུས་ལྟ་བ་མཚོན་པར་བྱེད་པ་དང་ཡང་དག་པའི་ལོ་རྒྱུས་ལྟ་བ་ཁྱབ་སྤེལ་གཏོང་བའི་རིག་གནས་ཀྱི་བར་མཐོངས་ཤིག་ཡིན་དགོས་པ་སྨོས་མེད་རེད།

      ཉེ་རབས་ཚུན་གྱི་འཛམ་གླིང་དུ། ནོར་འཁྲུལ་གྱི་ལོ་རྒྱུས་ལྟ་བས་རྐྱེན་པས་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟང་ཟིང་བཟོ་བའི་བློ་ཕམ་ཡིད་གདུང་ཆེ་བའི་བསླབ་བྱ་མང་པོ་འབྱུང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་དགོས”ཞེས་གསུངས་པ་དང་སྦྲགས“ཐུན་མོང་ལྔ”ལ་བརྟེན་ནས་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བའི་ནང་དོན་གཙོ་བོ་ཚད་མཐོའི་སྙིང་བསྡུས་གནང་སྟེ། གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲིམས་གཞི་དང་ཁས་ལེན་གྱི་རྨང་གཞི་གསལ་སྟོན་གནང་ཡོད།

      རྟེན་མཛོད་ཁང་ནི་གཞན་དབང་དང་འགྱུར་མེད་དུ་གནས་པའི“ལོ་རྒྱུས་ཀྱི་སྣོད་ཆས”ཤིག་གཏན་ནས་མིན་པར། རང་འགུལ་ཧུར་བརྩོན་གྱི་སྒོ་ནས་ཡང་དག་པའི་ལོ་རྒྱུས་ལྟ་བ་མཚོན་པར་བྱ་ཡུལ་དུ་འགྱུར་བར་བྱེད་དགོས། འགྲེམས་སྟོན་ཁང་དུ་ཉར་བའི་རིག་དངོས་གདམ་གསེས་དང་། རིག་དངོས་གསལ་འགྲེལ། འགྲེམས་སྟོན་ཇུས་འགོད་དང་སྒྲིག་འཛུགས་བཅས་བྱས་པ་བརྒྱུད། རྟེན་མཛོད་ཁང་གིས་རིག་དངོས་རེ་རེ་བཞིན་ལ་བརྟེན་ནས་བརྒྱུད་རིམ་ལྡན་པའི་ངང་ལོ་རྒྱུས་བརྗོད་པ་མ་ཟད། རིན་ཐང་གི་ལྟ་བ་འཛིན་ཕྱོགས་དང་། རིག་གནས་ཀྱི་ལངས་ཕྱོགས། དུས་རབས་ཀྱི་དགོས་མཁོ་བཅས་ལ་གཞིགས་ནས་སྤྱི་དམངས་ཀྱིས་ཤེས་ཚོར་ཐུབ་པའི་ལོ་རྒྱུས་ཀྱི་གཏན་ཚིགས་ཆ་ཚང་ཞིག་རིམ་བཞིན་ཆགས་པར་བྱས་ཡོད། འདི་ནི་རྟེན་མཛོད་ཁང་གིས་ལོ་རྒྱུས་ལྟ་བ་ཐད་ཀར་མཚོན་པར་བྱེད་པའི་བརྒྱུད་རིམ་ཡིན་ལ། རིག་དངོས་ལས་དོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་གཏན་ཚིགས་ཤིག་དེ་བས་ཀྱང་ཡིན།

     2025ལོར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་རྒྱལ་ཁབ་ཀྱི་རིག་དངོས་སྲིད་ཇུས་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱ་གཞིའི་ཡིག་ཐོག་སྙན་ཞུའི་ནང་ངས་གཙོ་སྐྱོང་བྱས་པའི“རིག་དངོས་ལས་དོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བའི་ཞིབ་འཇུག”ལ་ཞིབ་དཔྱད་བྱུང་ནས་རྣམ་གྲངས་བཀོད་ཡོད། དེ་ལས་རིག་དངོས་ལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་འདུས་ཡོད་ལ། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་རིམ་བཞིན་འཕེལ་འགྱུར་གྱི་ལོ་རྒྱུས་བདེན་དཔང་བྱེད་བཞིན་ཡོད་པ་དང་། དེའི་ནང་ཀྲུང་ཧྭ་མི་རིགས་ཐོག་མཐའ་བར་གསུམ་དུ་གོང་བུ་གཅིག་ཏུ་འགྲིལ་བའི་གཞི་རྒྱུའི་གསང་ཨང་འདུས་ཡོད། རིག་དངོས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དོན་བརྗོད་བྱེད་པའི་ལྟེ་བའི་གཙོ་རྒྱུ་ཡིན་པ་དང་། རིག་དངོས་ལས་དོན་ནི་ཀྲུང་གོས་རང་ཐག་རང་གཅོད་བྱེད་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་ཡིག་གི་མ་ལག་དང་། སྐད་བརྡའི་མ་ལག གཞུང་ལུགས་ཀྱི་མ་ལག་བཅས་ཀྱི་འགག་རྩའི་རྒྱུ་རྐྱེན་ཡིན་པ་ང་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་།

      ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཁྱབ་སྤེལ་གཏོང་བ་ནི་རང་རྒྱལ་གྱི་རིག་དངོས་རྟེན་མཛོད་ལས་དོན་པས་རང་རྟོགས་ངང་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་གལ་ཆེན་ཞིག་རེད། ཀྲུང་གོ་མི་རིགས་རྟེན་མཛོད་ཁང་གིས་ཀྱང་འགན་འཁྲི་འདི་རང་འགུལ་ངང་འཁུར་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་དངོས་དཔང་འཁོར་འབྲེལ་བཏོད་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི”གོ་དོན་མཚོན་པའི་དངོས་རྫས་དང་ལོ་རྒྱུས་ཕན་ཚུན་བདེན་དཔང་བྱེད་པར་འཚོལ་ཞིབ་དང་། རིག་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དངོས་གཞིའི་གཟུགས་བརྙན་སྐྲུན་པ། ཀྲུང་ཧྭ་མི་རིགས་དེ་ཉིད་ལོ་རྒྱུས་དངོས་གཞི་ཡིན་པའི་ཕྱི་རོལ་ཡུལ་གྱི་རང་བཞིན་དང་ལྡོག་མེད་རང་བཞིན་མངོན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ལོ་རྒྱུས་ངེས་ཤེས་ཀྱི་འདེགས་སྐྱོར་བརྟན་པོ་བྱེད་བཞིན་ཡོད།

     ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཁྲིད་སྟོན་དུ་བྱས་ནས་རྒྱ་ཆེའི་རིག་དངོས་རྟེན་མཛོད་ལས་དོན་པས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོས་མཛུབ་ཁྲིད་བྱེད་པའི་རིག་དངོས་ཞིབ་འཇུག་དང་། འཆད་འགྲེལ། མཚོན་སྟངས་བཅས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས“དངོས་རྫས”དེ་ཉིད“ངོས་འཛིན”དུ་འགྱུར་བའི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་འདེགས་སྐྱོར་ནུས་ལྡན་བྱེད་བཞིན་ཡོད།

(རྩོམ་པ་པོ་ནི་ཀྲུང་གོ་མི་རིགས་རྟེན་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཡིན་པ)