འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་16ཉིན།

༄༅།།ཡུལ་མི་ཚོ“སྒྱུ་རྩལ་སློབ་གྲྭར་འགྲོ་བར”ཧབ་ཐོབ་རྒྱག་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲེང་ཧའེ་ཨོའུ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་16ཉིན། 10:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

      ཀྲེ་ཅང་ཞིང་ཆེན་ཝུན་ལིང་གྲོང་ཁྱེར་ཙེ་གོ་གྲོང་རྡལ་གཡོད་ཧུའུ་རིག་གནས་འཆད་ཉན་ཁང་ནི་རྩི་ཤིང་གིས་བརྒྱན་ཞིང་སྔ་མོའི་ཉམས་ཀྱིས་ཕྱུག་པའི་གནས་ཤིག་རེད། 《ང་དང་ངའི་མེས་རྒྱལ》ཞེས་པའི་རོལ་དབྱངས་སྙན་མོ་ཁོ་ར་ཁོར་ཡུག་ཀུན་ཏུ་ཁྱབ་འོང་ཞིང་། ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རིག་གནས་འཆད་ཉན་ཁང་འདི་ནས་དབེན་འཇམ་དང་། འདུ་འཛི། གནའ་རབས་དང་། དེང་སྐབས་ཀྱི་ཁྱད་ཆོས་གཉིས་ལྡན་གྱི་ཉམས་སྣང་ཞིག་འཕྱུར་འོང་།

     འདི་ག་ནི་རིག་གནས་འཆད་ཉན་ཁང་རེད་ལ། ཝུན་ལིང་གྲོང་གསེབ་ཀྱི་སྒྱུ་རྩལ་སློབ་གྲྭའང་རེད།

     གྲོང་མི་ཁྲེན་ཡུས་ཆིང་ད་ལོ་ལོ་70ལ་སླེབས་ཀྱི་ཡོད་ཀྱང་གཟུགས་པོ་ཐང་ལ་སྙིང་སྟོབས་ཀྱིས་ཕྱུག་པའི་རྒན་པོ་ཞིག་རེད། ཁོང་གི་མཛུབ་མོ་བརྒྱངས་དཀྲོལ་རོལ་ཆའི་ཐོག་ཏུ་བདེ་མོར་འཁྱུག་ཅིང་། སྙན་འཇེབས་ལྡན་པའི《པད་རྫིང་གི་ཟླ་འོད》ཅེས་པའི་རོལ་དབྱངས་དེ་སྒྲ་འཛིན་བུ་གར་ལྷང་ལྷང་དུ་གྲགས་འོང་། ཁོང་ནི་གྲོང་གསེབ་སྒྱུ་རྩལ་སློབ་གྲྭའི་ཐའེ་ཅི་དྲག་རྩལ་གྱི་དགེ་རྒན་ཡིན་ཞིང་། ལོ་ལྟར་སློབ་མ་ཚོར་སློབ་ཚན་དུས་ཐེངས་གསུམ་འཁྲིད་ཀྱི་ཡོད། “སློབ་ཚན་སྦྱོང་གིན་འགྲམ་ནས་བརྒྱངས་དཀྲོལ་གྱི་འགྱུར་ཁུག་སྙན་པོ་ཞིག་ཐོས་བྱུང་། དེ་ནི་ཐའེ་ཅི་དྲག་རྩལ་གྱི་ཁྱད་ཆོས་དང་ཧ་ཅང་འཚམ་པོ་འདུག་པས་ངས་ཀྱང་ཚོད་ལྟ་ཞིག་བྱེད་སྙམ་ནས་བརྒྱངས་དཀྲོལ་འཛིན་གྲྭར་མིང་བཀོད་པ་ཡིན། དེ་སྦྱངས་མ་ཐག་ལམ་སེང་དགའ་ཞེན་ཚད་མེད་སླེབས་བྱུང”

     “གྲོང་གསེབ་སྒྱུ་རྩལ་སློབ་གྲྭར‘སློབ་ཚན་ཧབ་ཐོབ་རྒྱག་དགོས་རེད’ཧབ་ཐོབ་བརྒྱབ་ནས་རག་ན་སློབ་ཚན་གཅིག་ལྟ་ཞོག་སྐར་མ་གཅིག་ཀྱང་མ་ལུས་པར་འགྲོ་འདོད་འདུག”ཅེས་ཤོད་མཁན་གྲོང་མི་རོན་ཀྲེན་ཡུན་ནི་ལོ་51ལ་སླེབས་ཀྱང་དཔེ་གསར་གྱི་གྱོན་ཆས་གྱོན་རྒྱུར་དགའ་ཞིང་། ཇའི་རིག་གནས་དང་བརྒྱངས་དཀྲོལ་སྦྱོང་གི་ཡོད་པས་ཕྱི་ནང་གང་ས་ནས་གདེང་ཚོད་ཆེ་ཞིང་གསོན་ཤུགས་ལྡན་པའི་མི་ཞིག་ཡིན་པ་ཚོར་ཐུབ།

     གྲོང་གསེབ་ཏུ་སྒྱུ་རྩལ་སློབ་གྲྭ་གཉེར་དོན་ག་རེ་རེད་དམ། “དེ་སྔོན་སྒྱུ་རྩལ་གཤམ་སྤེལ་བྱེད་སྐབས་སྡིངས་ཆའི་འོག་ཏུ་མི་ཧ་ཅང་མང་པོ་རེད། འོན་ཀྱང་ང་ཚོས་བྱེད་སྒོ་དེ་རིགས་རྟག་ཏུ་སྤེལ་རྗེས་གཞི་ནས་ཡུལ་མི་ཚོར་དགོས་པ་ནི་མི་སྣ་གྲགས་ཅན་དང་ཚོགས་པ་གྲགས་ཅན་གྱི་འཁྲབ་སྟོན་ཁོ་ན་མིན་པར་ཉིན་ལྟར‘འཚོ་བ་དང་འབྲེལ་འདྲིས་ཆེ་བའི་ལྟད་མོ’ལྟ་འདོད་ཀྱི་རེ་བ་དེ་བས་ཀྱང་བྱེད་ཀྱི་ཡོད་པ་ཤེས་བྱུང”ཞེས་ཝུན་ལིང་གྲོང་ཁྱེར་རིག་གནས་ཁང་གི་ཀོན་ཀྲང་ཀྲང་དབྱི་ཡན་གྱིས་དེ་ལྟར་བཤད་པ་དང་ཁོང་གིས་དེ་དང་ཆབས་ཅིག་ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་དང་གྲོང་གསེབ་ཀྱི་རིག་གནས་ཚོགས་ཁང་སོགས་བསྐྲུན་པས། དེ་བས་ཕུན་སུམ་ཚོགས་པའི་ནང་དོན་གྱིས་ནུས་པ་ཐོན་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བཤད།

     བརྟག་ཞིབ་གཏིང་ཟབ་བྱས་རྗེས། 2020ལོ་ནས་བཟུང་གྲོང་ཚོ་ཁག་གི་མི་འབོར་གྱི་གྲུབ་ཆ་དང་། རིག་གནས་ཀྱི་རྨང་གཞི། ཡུལ་མིའི་ཚུར་ལན་བཅས་ལ་གཞིགས་ནས་ཝུན་ལིང་གྲོང་ཁྱེར་རིག་གནས་ཁང་གིས་སློབ་ཚན་གནད་སྨིན་ངང་འཁྲིད་རྒྱུའི་འཆར་གཞི་བཟོས་ཤིང་། དཔལ་འབྱོར་འཕེལ་རྒྱས་ཅུང་ཆེ་བའི་ཙེ་གོ་གྲོང་རྡལ་དུ་ཡུལ་མི་ཚོས་ཡོ་ག་དང་། ཀང་ཆིང་། ཕི་ཁེ་སྤོ་ལོ་སོགས་ཀྱི་སློབ་ཚན་འཁྲིད་རྒྱུའི་རེ་བ་བྱེད་པ་དང་། རྒན་རྒོན་མང་བའི་གྲོང་ཚོར་ཐའེ་ཅི་དང་། སྐེད་རྔ། མུའུ་ལན་རླུང་གཡབ་སོགས་ལ་དགའ་པོ་བྱེད་མཁན་དེ་བས་མང་བ། གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོ་ཁག་གཅིག་ཏུ་ཚོས་རྒྱག་སྟངས་དང་གྲུ་གཟིངས་ཀྱི་བཟོ་དབྱིབས་བཟོ་བ་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིགས་ཀྱི་རྣམ་གྲངས་ལ་དེ་བས་དོ་སྣང་བྱེད་ཀྱི་ཡོད་པ་རེད།

     དགོས་མཁོ་གཞིར་བཟུང་ནང་དོན་མཁོ་འདོན་བྱེད་པ་མ་ཟད། སློབ་ཚན་གྱི་དུས་ཚོད་ཀྱང་སོ་ནམ་དུས་ཚོད་ལ་གཞིགས་ནས་གཏན་འཁེལ་བྱེད་ཀྱི་ཡོད། ཞོགས་པའི་ཆུ་ཚོད་6དང་ཕྱེད་ཀར་ཙེ་གོ་གྲོང་རྡལ་ཏན་ཡ་སྡེ་ཁུལ་གྱི་ནང་དོན་ཁག་བརྒྱད་ཀྱི་ལུས་སྦྱོང་སློབ་ཚན་དུས་ཐོག་ཏུ་འཚོགས་པ་དང་། ཉིན་དགུང་ཤིན་ཧོ་གྲོང་རྡལ་གྱིས་བེད་མེད་བཟོ་ཁང་རྙིང་པ་བསྐྱར་སྐྲུན་བྱས་པའི་གྲོང་གསེབ་ཀྱི་རིག་གནས་བར་མཐོངས་ཧྭ་ལན་ལིའུ་ཅུས་ཀྱི་ཚོན་རིས་སློབ་ཚན་འཚོགས་མཁན་གྱིས་ཁེངས་པ། དགོང་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀར་ཀྲུའུ་ལི་གྲོང་ཚོའི་ལུས་སྦྱོང་ཞབས་བྲོའི་སློབ་ཚན་ནང་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་ཞུགས་ཡོད་པ་རེད།

      མིག་སྔའི་བར། ཝུན་ལིང་གྲོང་གསེབ་སྒྱུ་རྩལ་སློབ་གྲྭ་གྲོང་ཁྱེར་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)16གི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་གྲོང་གསེབ་རིག་གནས་ཚོམས་ཆེན་དང་སྡེ་ཁུལ་རིག་གནས་ཁྱིམ་གཞིས་556ལ་ཁྱབ་ཡོད། དེར་སྒྱུ་རྩལ་རིགས་75ཡི་རིན་མེད་སློབ་ཚན་ཁྲི་2.9ལྷག་ཙམ་འཚོགས་པས་མང་ཚོགས་མི་ཐེངས་ཁྲི་110ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།