འཚོལ་བཤེར།   
藏文频道
2026ལོའི་ཟླ་3ཚེས་13ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་འཆར་ཁག་226འབྱོར་བ།

འཐུས་མིའི་གྲོས་འཆར་གྱི་སྤུས་ཚད་བརྟན་པོའི་ངང་འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 03ཚེས་13ཉིན། 13:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ལུང་དབྱི།

ཟླ་3ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའི་གྲོས་འཆར་ཚོགས་ཆུང་གི་ཙུའུ་ཀྲང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའོ་ཀྲེན་ཧྭ་ཡིས་འཐུས་མིས་བཏོན་པའི་གྲོས་འཆར་དང་གྲོས་འགོའི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་བྱས་པའི་འཐུས་མིས་གྲོས་འཆར་འདོན་མཚམས་འཇོག་པའི་དུས་ཚོད་གཞིར་བཟུང་། ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12པའི་བར། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་ཁྱོན་གྲོས་འཆར་ཁག་226འབྱོར་ཡོད་པའི་ནང་འཐུས་མི་ཚོགས་པས་བཏོན་པའི་གྲོས་འཆར་ཁག་28དང་འཐུས་མིས་མཉམ་དུ་མཚན་རྟགས་བཀོད་པའི་གྲོས་འཆར་ཁག་198ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་འཐུས་མིའི་གྲོས་འཆར་མང་ཆེ་བ་བཅའ་ཁྲིམས་ཀྱི་གྲོས་འཆར་ཡིན་ཞིང་། འབྲེལ་ཡོད་ཁྲིམས་འཛུགས་སྐོར་གྱི་གྲོས་འཆར་ཁག་223དང་འབྲེལ་ཡོད་ལྟ་སྐུལ་སྐོར་གྱི་གྲོས་འཆར་ཁག་3ཡོད་པ་རེད། གྲོས་འཆར་གྱི་སྤུས་ཚད་བརྟན་པོའི་ངང་འཕར་ནས་ཁྱད་ཆོས་གསུམ་མངོན་པ་སྟེ།

གཅིག་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་མཐར་ཕྱིན་ལ་འགན་སྲུང་བྱེད་པའི་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞིང་། འཐུས་མིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་མགྱོགས་སུ་གཏོང་བ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་སོགས་ལ་དམིགས་ནས་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས་རྒྱག་པའི་གྲོས་འཆར་བཏོན་ནས་འབྲེལ་ཡོད་གྲོས་འཆར་གྱིས་གྲོས་འཆར་བསྡོམས་འབོར་གྱི་2/3ཡན་བཟུང་ཡོད། གཉིས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་དང་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཤིང་། འཐུས་མིས་བཏོན་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གྲོས་འཆར་ཁག་222ཁྲོད་ཁྲིམས་འཛུགས་དང་འབྲེལ་བ་ཡོད་པའི་གྲོས་འཆར་ཁག་147ཡོད། གསུམ་ནས་དམངས་འཚོ་འགན་སྲུང་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། འཐུས་མིས་བཏོན་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གྲོས་འཆར་ཁག་66ཁྲོད་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་འཆར་ཁག་7དང་། སྤྱི་ཚོགས་འགན་སྲུང་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་འཆར་ཁག་5 རྒན་གསོའི་ཞབས་ཞུའི་བཅའ་ཁྲིམས་བཟོ་རྒྱུའི་སྐོར་གྱི་གྲོས་འཆར་ཁག་5 ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས་བཟོ་རྒྱུའི་སྐོར་གྱི་གྲོས་འཆར་ཁག་3བཅས་ཡོད་པ་རེད།