གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་04ཉིན། 15:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ང་གཞི་རིམ་ནས་ཡོང་བ་ཡིན།
རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འགོ་ཚུགས་ལ་ཉེ་བས། ཚོགས་འདུར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གྲ་སྒྲིག་ཆ་ཚང་བྱས་ཡོད་པ་དང་། བསམ་པའི་ཉམས་འགྱུར་ལེགས་པོར་བརྟེན་ནས་སྲིད་ཞུགས་སྲིད་མོལ་བྱ་རྒྱུ་ཡིན་པ་རེད། «ང་གཞི་རིམ་ནས་ཡོང་བ་ཡིན་» ཞེས་པའི་ཆེད་སྒྲིག་ལེ་ཚན་འདིས། དེ་རིང་ཁྱེད་ཉིད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། བོད་ཀྱི་བོད་འབྲེལ་ནས་འབྲུ་ཐོན་སྐྱེད་བཟོ་གྲྭའི་ཚོགས་ཁང་གི་འགན་འཛིན་ལྷག་ཆུང་གི་དྲུང་དུ་འཁྲིད་དེ། ཐོན་སྐྱེད་ཀྱི་སྔོན་གྲལ་དུ། ནས་འབྲུ་གཅིག་གི་“ཡར་རྒྱས་ཀྱི་ལམ་” བརྒྱུད་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཐུན་རྐྱེན་བཟང་པོའི་ཐོན་ལས་ཀྱི་ཤུགས་རྐྱེན་ཆེན་པོའི་རྗེས་ཤུལ་ཉན་རྒྱུ་རེད།

དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ། ལྷ་སའི་སྟག་རྩེ་ཐོན་ལས་གླིང་དུ་ཆགས་པའི་ནས་ལས་སྣོན་ཁེ་ལས་དེའི་ནང་། ལོ་གསར་གྱི་དགའ་སྤྲོ་དང་ཆང་གི་དྲི་ཞིམ་འདྲེས་མར་འཁྱིལ་ཡོད། བླུག་ཆས་བཟོ་ཁང་དུ། 90ལོའི་རྗེས་སུ་སྐྱེས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་བཟོ་ཁང་གི་འགན་འཛིན་ལྷག་ཆུང་གིས་བཟོ་པ་རྣམས་བསྐུལ་ནས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་གཉེར་བཞིན་ཡོད་པ་དང་། དུས་ཆེན་གྱི་དངོས་ཟོག་གྲ་སྒྲིག་བྱེད་བཞིན་ཡོད།

ཞིང་ཁའི་ནས་འབྲུ་རེ་རེ་ནས། ཐོན་སྐྱེད་ཀྱི་ལམ་བུའི་རིན་ཐང་ཆེ་བའི་ཐོན་རྫས་བར་གྱི་ཉམས་འགྱུར་ལྡན་པའི་འགྱུར་ལྡོག་འདི་ནི། འཐུས་མི་ལྷག་ཆུང་གིས་མིག་མཐོང་ལག་ཟིན་བྱུང་ཡོད། ཐོན་ལས་ཀྱི་སྔོན་གྲལ་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་གི་ངོས་ནས། ཁོང་གིས་ལོ་འགའ་ཤས་རིང་གཙོ་བོ་དོ་སྣང་བྱེད་ཡུལ་ནི་ཚན་རྩལ་སྤྱད་ནས་སྲོལ་རྒྱུན་ཐོན་ལས་ལ་ནུས་པ་ཐོན་ཐབས་ཇི་ལྟར་བྱེད་དགོས་མིན་དེ་རེད།

ཉིན་གུང་ངལ་གསོ་ཐུང་ངུ་ཞིག་བརྒྱབ་རྗེས། འཕྲུལ་འཁོར་ཡང་བསྐྱར་ལས་འགོ་འཚུགས། འཕྲུལ་འཁོར་མ་འགུལ་གོང་གི་སྒྲིག་ཆས་ཞིབ་བཤེར་བྱེད་ཐེངས་རེར་རེར། ལྷག་ཆུང་གིས་ཞིབ་ཚགས་ནན་པོར་བསྒྲུབས་གྱིན་ཡོད་པ་དང་། ཞིབ་ཚགས་མཐར་ཕྱིན་གྱི་སེམས་ཤུགས་འདི་ལ་བརྟེན་ནས། ཁོང་རང་ཡང་གཞི་རིམ་གྱི་བཟོ་ཁང་གི་བཟོ་པ་ཞིག་ནས་བསྒྱུར་བཅོས་10ལྷག་ལ་ཞུགས་པའི་“ལག་རྩལ་མཁས་ཅན་”ཞིག་ཏུ་གྱུར་ཡོད།

རང་འགུལ་ཅན་དང་། རིག་ནུས་ཅན་གྱི་ཐོན་སྐྱེད་ལམ་བུ་དང་། སྒྲིག་ཆས་བསྐྱར་གསོ་བྱས་ཏེ། ལྷག་ཆུང་གིས་ཚན་རྩལ་གསར་གཏོད་ཀྱི་ཐོན་ལས་སྤུས་ཚད་ལེགས་སུ་བཏང་བ་དང་ཕན་ནུས་ཆེ་རུ་གཏོང་བའི་སྤྲོ་བ་དངོས་སུ་མྱངས་ཡོད། དཔྱིད་དུས་ལ་སླེབས་པ་དང་བསྟུན་ནས། འཕྲུལ་འཁོར་གྱི་སྐད་སྒྲས་མཐོ་སྒང་གི་གྲོང་གསེབ་དར་རྒྱས་ཀྱི་གླུ་དབྱངས་ལེན་བཞིན་ཡོད། ད་ལྟའི་ཆར། ཁྱིམ་གྱི་སྒོ་འགྲམ་གྱི་ནས་འབྲུ་ནི་ཚོང་ར་དང་འབྲེལ་མཐུད་བྱས་པ་དང་། ཁྱིམ་ཚང་སྟོང་ཕྲག་མང་པོའི་ཡོང་འབབ་འཕར་བའི་ཐོན་ལས་ཆེན་པོ་ཞིག་ཏུ་གྱུར་ཡོད། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་བཞིན་ཡོད།

གཞི་རིམ་གྱི་མདུན་གྲལ་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་གི་ངོས་ནས། ལྷག་ཆུང་གི་ལས་དོན་ཟིན་ཐོའི་ནང་། བཟོ་ཁང་གི་ལས་ཀ་ཙམ་མ་ཡིན་པར། ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་རེ་བ་ཡང་མང་པོ་བཀོད་ཡོད། འདས་པའི་ལོ་གཅིག་གི་ནང་། ཁོང་གིས་ཞིབ་འཇུག་དང་འཚམས་འདྲི་ཧུར་ཐག་བྱས་པ་དང་། ཁོང་གིས་དོ་སྣང་ཆེ་ཤོས་བྱེད་ས་ནི་སྔར་བཞིན་ཐོན་སྐྱེད་ནུས་ཤུགས་གསར་པ་ཁྱད་ཆོས་ལྡན་པའི་ཐོན་ལས་ནང་ཇི་ལྟར་མཉམ་འདྲེས་བྱས་ཏེ། མང་ཚོགས་མང་པོ་ལས་ཞུགས་དང་ཡོང་འབབ་འཕར་བར་བྱེད་ཐབས་འདི་རེད།
ཞིབ་འཇུག་བརྟན་པོ་དེས། འཐུས་མི་ལྷག་ཆུང་གི་བསམ་བློའི་རྒྱ་ཇེ་ཆེ་རུ་བཏང་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ལ་ཉེ་བས། ཁོང་གིས་བསམ་འཆར་དང་གྲོས་འགོ་ཡང་ནས་བསྐྱར་དུ་ཞིབ་འཇུག་བྱས་ཏེ། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་བློ་གསར་པ་འཁྱེར་ནས། དཔྱིད་ཀྱི་ཚོགས་འདུ་ཆེན་མོ་འདིར་བསྐྱོད་དེ། མཐོ་སྒང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་གཞི་འདོན་རྒྱུ་རེད།