མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྱིས།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 03ཚེས་02ཉིན། 14:59】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་མཚོ་ཤར་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་ལྗང་མདོག་དང་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་དམིགས་ནས“ཚད་གཞིས་སྣེ་ཁྲིད་དང་། ཁས་ལེན་དཔང་འདོན་གྱིས་མཐུན་རྐྱེན་སྦྱོར་བ། སྤུས་རྟགས་གསོ་སྐྱོང་། ལྟ་འདོམས་གཞོགས་འདེགས”བཅས་ཀྱི་ཕྱོགས་བཞི་གཞི་གཅིག་གི་ལས་ཀའི་རྣམ་པ་གསར་གཏོད་དང་འཛུགས་སྐྱོང་བྱས་ཏེ། ཁྱད་ལྡན་ཐོན་ལས་ཚད་ལྡན་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་སྐོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ཤར་གྲོང་ཁྱེར་གྱིས་ས་མཐོའི་ཡུལ་གྱི་གྲང་ཚལ་དང་། གྲོ་ཚང་གི་སེའུ་ཆེན་པོ། ཞུན་ཧྭའི་སུར་པན། གཞོང་ཐང་གི་སེ་མང་ཞིང་ལས་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་ལྟེ་བར་བྱས་ཏེ། 《མཚོ་ཤར་གྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལས་དོན་ལ་ཞབས་འདེགས་ཞུ་བའི་ལག་བསྟར་ཇུས་གཞི(2025ལོ་ནས་2027ལོའི་བར)》བཟོས་ནས། ས་མཐོའི་ཡུལ་གྱི་གྲང་ཚལ་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་གཞིའི་མ་ལག་སྔོན་ལ་བཙུགས་པ་རེད། དཔེ་བསྡུར་ཚད་ལོན་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་ཚད་གཞི་དེ“ཤོག་བུའི་ཐོག”ནས“ཞིང་ནང་མུ་ཁར”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། མིག་སྔར་གྲོང་ཁྱེར་ཡོངས་སུ་ད་ལྟ་སྤྱོད་བཞིན་པའི་ནུས་ལྡན་གྱི་ས་གནས་ཚད་གཞི་ཁག་106ཟིན་ཡོད་པ་རེད།
མཚོ་ཤར་གྲོང་ཁྱེར་གྱིས་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ། སྐྱེ་དངོས་སྔོན་འགོག་ཚོད་འཛིན་དང་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་སོགས་ཀྱི་ལག་རྩལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཁས་ལེན་དཔང་འདོན་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་དང་ཚད་ལྡན་ཆ་འཕྲིན་སྤྱི་པའི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས“གཅིག་འཐུས་རྣམ་པའི”ཁས་ལེན་དཔང་འདོན་གྱི་བློ་འདྲི་མཛུབ་ཁྲིད་བྱས་ཡོད། མིག་སྔར་ཁེ་ལས་31ལ་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་ལག་ཁྱེར་41ཡོད་ཅིང་། ཁས་ལེན་དཔང་འདོན་གྱི་ཐོན་རྫས་ཐད་ཤ་དང་། སྔོ་ཚལ། སྣུམ། ཤིང་འབྲས་དང་དེ་བཞིན་གྲང་ཆུའི་ཉ་སོགས་ཀྱི་རིགས་ཚུད་ཡོད།
སྤུས་རྟགས་གསོ་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་བཞིན་ཡོད་ཅིང་། ཤེས་བྱའི་བདག་དབང་ཆ་འཕྲིན་སྤྱི་པའི་ཞབས་ཞུའི་དྲ་ཚིགས་དང་། ཚོང་རྟགས་ཀྱི་མཛུབ་ཁྲིད་ས་ཚིགས། ཤེས་བྱའི་བདག་དབང་ཁེ་དབང་སྲུང་སྐྱོང་རོགས་སྐྱོར་ས་ཚིགས་བཅས་ལ་བརྟེན་ནས“གསོ་སྐྱོང་དང་། བཀོལ་སྤྱོད། སྲུང་སྐྱོང”བཅས་བྱེད་པའི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་མ་ལག་བཙུགས་པ་དང་། མིག་སྔར་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་ཞིང་འབྲོག་ཐོན་རྫས་ཀྱི་ཚོང་རྟགས་1652ཐོ་འགོད་བྱས་པ་དང་། ཀྲུང་གོའི་ཚོང་རྟགས་གྲགས་ཅན་9དང་། ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་19 ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ཚོང་རྟགས་8བཅས་ཡོད་པ་མ་ཟད། “རྨ་ཆུའི་ཚལ་ཞིང”དང“རྨ་ཙོང་ཚལ་ཞིང”སོགས་ས་ཁོངས་སྤུས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུའང་འགྲོ་བཞིན་ཡོད་པ་རེད།