འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་23ཉིན།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས།

༄༅།།ཁྲེན་ཏུང་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་དང་པོ”སྤྲོད་རྒྱུ་དང་།
ཁྲེན་ཀྲུང་རུའེ་དང་ཝང་ཅེ་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་དང“
འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གསུམ་པ”
སྤྲོད་རྒྱུའི་གཏན་འབེབས་བྱས་པ།

(2026ལོའི་ཟླ་1ཚེས་21ཉིན)

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་23ཉིན། 10:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     2025ལོའི་ཟླ་4ཚེས་24ཉིན། ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་འཕུར་གྲུར་བསྡད་ནས་ཐེན་ཧོ་ལྟེ་ཚང་དུ་བདེ་བླག་ངང་སླེབས་པ་མ་ཟད། འཁོར་ལམ་དུ་ཟླ་བ་6བསྡད་དེ་སྔ་རྗེས་སུ་གྲུ་ཚང་ནས་ཕྱིར་དོན་ནས་བྱེད་སྒོ་ཐེངས་4སྤེལ་བ་དང་ཐེག་ཁུར་དངོས་ཟོག་གི་རླུང་སྒོ་གྲུ་ཚང་ནས་ཡར་འཛུལ་མར་དོན་གྱི་ལས་འགན་ཐེངས་7བསྒྲུབས་པ་དང་འབྲེལ། བར་སྣང་ས་ཚིགས་ཀྱི་འཛུགས་སྐྲུན་རིམ་སྤོར་དང་སྲུང་སྐྱོང་ཉམས་བཟོའི་ལས་འགན་ཁག་120ལྷག་ཙམ་ལེགས་གྲུབ་དང་བར་སྣང་གི་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་སྤེལ་ནས་2025ལོའི་ཟླ་11ཚེས་14ཉིན་བདེ་འཇགས་ངང་ཚུར་ལོག་པ་རེད། ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ནི། རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་འདུ་འགོད་བར་སྣང་ས་ཚིགས་སུ་བཀོལ་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐེངས་ལྔ་པ་ཡིན་པ་དེས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་རྐྱང་པ་འཁོར་ལམ་སྟེང་སྡོད་ཡུན་རིང་ཤོས་ཀྱི་ཟིན་ཐོ་བཏོད་པ་དེ་ཐོག་ནས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ཐད་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གྱི་གོམ་སྟབས་གསར་པ་སྤོས་པ་མཚོན་གྱི་ཡོད་པ་དེར་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མི་རིགས་ཀྱི་གདེང་ཚོད་དང་སྤོབས་སེམས་སྔར་བས་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ལྷག་པར་དུ་འཕུར་གྲུར་བར་སྣང་གི་ཧྲུག་ལྷེབ་ཆུང་ངུ་དང་རྡུང་ཁ་ཤོར་ཉེན་ཆེ་བའི་ཐོལ་བྱུང་གི་གནས་ཚུལ་མདུན་དུ་འདུ་འགོད་དེས་ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོར་འཇོག་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས་མགྱོགས་ལ་བདེ་ལྕག་འཁྱུག་པོས་དང་ལེན་ཞུས་པ་དང་དབྱེ་ཞིབ་དང་དཔྱད་དཔོག་ནན་པོ་བྱས་པ་མ་ཟད། འཇིག་རྟེན་འཕུར་སྐྱོད་པ་གསུམ་གྱིས་བབ་བརླིང་ངང་ཁ་གཏད་གཅོག་པ་དང་། མཁའ་དབྱིངས་ཀྱི་ཕྱི་རོལ་དུ་འཕུར་གྲུ་བརྗེ་བ། ཚོགས་ཆུང་བློ་སེམས་གཅིག་མཐུན་དང་གནམ་ས་གཞི་གཅིག་བཅས་བྱས་ཏེ། འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་བདེ་བླག་ངང་ས་ཐོག་ཏུ་བབས་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་སྙིང་སྟོབས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།

     ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། དེའི་ནང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ནུས་འདུས་ཡོད། བློ་མཐུན་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་མི་ཡིན་པ་དང་། ཁོང་ཚོས་བློ་ཁ་ཏང་ལ་ཕྱོགས་པ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། དཀའ་ངལ་དང་ཉེན་ཁར་མི་སྐྲག་པ། མཐུན་སྒྲིལ་གཞོགས་འདེགས་བཅས་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་བློ་སྟོབས་ཆེན་པོ་དང་། ཀྲུང་གོའི་སེམས་ཤུགས་ཆེན་པོ། ཀྲུང་གོའི་གདིང་ཤུགས་ཆེན་པོ་བཅས་མངོན་པར་བྱས་ཡོད། བློ་མཐུན་ཁྲེན་ཏུང་གིས་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐེངས་3བསྒྲུབས་པ་དང་གྲུ་ཚང་ནས་ཐེངས་6ཕྱིར་དོན་ཏེ། གྲུ་ཚང་ནང་སྡོད་ཡུན་ཉིན་400ལྷག་ཙམ་ཟིན་པའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཐོག་མར་གྱུར་པ་དང་། བློ་མཐུན་ཁྲེན་ཀྲུང་རུའེ་ཡིས་བློ་རྩ་བརྟན་ཞིང་སེམས་ཐག་ཆོད་པ་དང་། དཔའ་ངར་ཆེན་པོས་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་བ། བཀོལ་སྤྱོད་ཞིབ་ཚགས་བཅས་ལ་བརྟེན་ཏེ། མཁའ་སྐྱོད་ཐེངས་དང་པོར་གྲུ་ཚང་ནས་ཐེངས་3ཕྱིར་དོན་པ། བློ་མཐུན་ཝང་ཅེ་ཡིས་སྤྱོང་བརྡར་ཏན་ཏིག་དང་དཀའ་སྤྱད་ཞུན་བརྡར་བྱས་པས་ལྷ་གྲུ་ཨང་ཉི་ཤུ་པའི་མཁའ་སྐྱོད་ཚོགས་ཆུང་ལ་གཟི་བརྗིད་ལྡན་པའི་ངང་བདམས་པ་དང་། ཕྲག་སྟེང་གི་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། ཁོང་ཚོས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བློ་མཐུན་ཁྲེན་ཏུང་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་དང་པོ”སྤྲོད་རྒྱུ་དང་། བློ་མཐུན་ཁྲེན་ཀྲུང་རུའེ་དང་ཝང་ཅེ་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་དང“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གསུམ་པ”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

      བློ་མཐུན་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་དུས་རབས་ཀྱི་གདོང་ལེན་པ་ཞིག་རེད་ལ། འཇིག་རྟེན་ཁམས་འཚོལ་ཞིབ་དང་། བར་སྣང་དུ་ཕུགས་འདུན་མངོན་འགྱུར། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་བྱེད་མཁན་དཔེ་དམག་དང་མིག་དཔེ་ཡང་རེད། ཏང་ཀྲུང་དབྱང་གིས་འབོད་སྐུལ་གནང་དོན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པ་མིག་དཔེར་བྱས་ནས། ངེས་ཤུགས་རྒྱུན་འཁྱོངས་དང་། གདེང་ཚོད་བརྟན་པོ། འབད་འབུངས་ཡར་བརྩོན། དཀའ་སྤྱད་ལས་སྒྲུབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐུན་མོང་ཐོག་འབད་འཐབ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་འབྱོར་བའི་གློག་འཕྲིན)