སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས་ཡིག་ཆ་བཀྲམ་ནས་བསྟན་དོན།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་23ཉིན། 10:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས《ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དམངས་ཡོངས་ཀྱི་སྐད་ཡིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
བསམ་འཆར་ནང་བསྟན་དོན། ཀྲུང་ཧྭའི་གསུང་རབ་གྱེར་འདོན་གྱི་འདུ་འགོད་གཙོ་གནད་ཐོག་ལག་ལེན་བསྟར་བ་དང་། དམངས་ཡོངས་ཀྱི་སྐད་ཡིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ། ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རིག་གནས་ཀྱི་ཀློག་དེབ་དང་སྤྱི་པའི་ཁྱབ་ཁོངས་ཀྱི་ཞེ་ཚིག་གི་ཕྱོགས་སྟོན་རྩོམ་འབྲི་བཅས་བྱས་ནས་ཁྱབ་གདལ་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་གིས་བསླབ་གཞིའི་སྐད་ཡིག་མི་སྐྱོང་གི་གཞི་རྒྱུ་བེད་ཡག་པོ་སྤྱད་དེ། སྤྱི་སྐད་ཤོད་པ་དང་ཚད་ལྡན་རྒྱ་ཡིག་ཡིག་གཟུགས་ཀྱི་སློབ་གསོར་ཤུགས་བརྒྱབ་ནས་ཆེད་དོན་འཆད་ཁྲིད་དང་། ཞིབ་སྦྱོང་ལག་ལེན། འགྲེམས་སྟོན་སྤེལ་རེས་སོགས་གསར་གཏོད་ཀྱིས་སྤེལ་དགོས། མཐོ་རིམ་སློབ་གྲྭས་སློབ་ཆེན་སྐད་ཡིག་དང་། ཀྲུང་གོའི་ཡིག་གཟུགས། གྲངས་འཛིན་རྒྱ་ཡིག གྲངས་འཛིན་གྱི་མི་ཆོས་རིག་གནས། སྐད་ཡིག་ཆེན་པོའི་དཔེ་དབྱིབས་ལག་རྩལ་སོགས་སྤྱི་པའི་སློབ་ཚན་བཀོད་སྒྲིག་བྱས་ནས་སློབ་མའི་སྐད་ཡིག་རིག་གནས་ཀྱི་བྱང་ཚད་གསོ་སྐྱོང་དང་རིག་ཚན་གྱི་ཆེད་ལས་འཇོན་ཐང་ཆེ་རུ་གཏོང་བ་དང་ལས་གནས་ཀྱི་ལས་རིགས་བྱང་ཚད་དང་སྤྱི་ཚོགས་ཀྱི་འཕྲོད་ནུས་ཟུང་འབྲེལ་བྱེད་དགོས།
གསར་སྤེལ་ཐོན་ཁུངས་སྲུང་སྐྱོང་ཐད་བསམ་འཆར་ནང་བསྟན་དོན། ཀྲུང་གོའི་སྐད་ཡིག་ཐོན་ཁུངས་སྲུང་སྐྱོང་འདུ་འགོད་གཙོ་གནད་ཐོག་ལག་ལེན་བསྟར་ཏེ། རྒྱལ་ཁབ་ཀྱི་སྐད་ཡིག་ཐོན་ཁུངས་མཛོད་འཐུས་སྒོ་ཚང་དུ་བཏང་ནས་སྐད་ཡིག་ཐོན་ཁུངས་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། “ཀྲུང་གོའི་སྐད་ཡིག་གི་དྲན་ཤེས”ཞེས་པའི་བྱ་སྤྱོད་སྤེལ་ཏེ། རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་སྐད་ཡིག་གི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐད་ཡིག་རིག་གནས་ཀྱི་ཡིག་ཚགས་བཟོ་བར་སྐུལ་མ་གཏོང་དགོས། ཀྲུང་གོའི་སྐད་ཡིག་ཐོན་ཁུངས་ཀྱི་རྟེན་མཛོད་ཁང་བསྐྲུན་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་ཆ་རྐྱེན་འཛོམས་པའི་ས་གནས་དང་སྡེ་ཚན་གྱིས་རིག་དངོས་བཟོ་སྐྲུན་དང་། བཟོ་ལས་ཤུལ་བཞག སློབ་གྲྭའི་སྒྲིག་བཀོད་སོགས་ལུགས་མཐུན་ངང་སྤྱད་དེ་སྐད་ཡིག་ཐོན་ཁུངས་རྟེན་མཛོད་ཁང་དང་། སྐད་ཡིག་རྟེན་མཛོད་ཁང་། སྐད་ཡིག་རིག་གནས་གླིང་སོགས་སྐད་ཡིག་རིག་གནས་རྒྱུན་འཛིན་ཁང་འཛུགས་པར་སྐུལ་ལྕག་བྱེད་དགོས།